R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༦༥
[A:༣༦༥]གྱུར་རྗེན་གཟིགས་ཀྱི་བརྡར་མངོན་ཞིང༌། རེ་ཞིག་གཟི་ཁྲའི་བགོ་བ་ལེགས་པ་ཞིག་ཕུལ་བས་ཤིན་ཏུ་མ་དགྱེས་པའི་རྣམ་པས་གཏན་ནས་མ་བཞེས། དེ་སྐབས་ཙམ་ནས་བཟུང་མི་འདི་དང་འདི་ཞེས་བྱ་བས་བྱ་བ་འདི་དང་འདི་བྱེད་ཀྱི་གནད་ཐམས་ཅད་མཁྱེན་ཅིང༌། སོ་སོའི་ལད་མོ་རྣམས་ཀྱང་དབྱིབས་དང་རྣམ་འགྱུར་གྱིས་མཚོན་ཆོས་འཇིག་རྟེན་གྱི་བྱ་བ་ཕལ་ཆེར་ཐུགས་ཀྱི་བང་མཛོད་དུ་བཞུགས་པའི་སྒོ་དང་པོའང་འདི་ཙམ་ནས་དོད་དེ། འདི་འདྲའི་མི་དྲན་དགུ་དྲན་གྱི་མཁྱེན་རབ་མངའ་བའི་བླ་མ་ཞིག་ཨང༌། ཞེས་གླེང་མིའང་མང་པོ་བྱུང་སྐད་དང༌། དེ་ནས་བརྩེ་ཆེན་ལྷ་ཁང་ཉམས་གསོ་བྱང་བསྐྱེད་སྐབས་ཡབ་སྲས་ནས་གྲུབ་མཚན་སྟོན་བཞེད་ཀྱིས་ཀུན་རྫོབ་ཏུ་ཀླུ་ཞིག་གནོད་པའི་ཟོལ་གྱིས་སྐུ་དཀྱིལ་ཕར་ཆེར་ཤུ་འཐོར་གྱིས་ལུམས་པས། ཡབ་རྗེའི་གསུང་ལས། ཨར་པོ་བྱེད་བཞིན་པ་འདིའི་རྩིག་སྐེད་ཙམ་ན་རྡོ་སྒམ་འདྲ་བ་ཞིག་ལ་གནས་པའི་ས་བདག་གནོད་པས་དེ་ཕབ་ལ་དཀྱིལ་ཁང་དུ་ཀླུ་མཁར་བཅོས་ཏེ་དེའི་ནང་དུ་ཆུག་གསུངས་པ་བཞིན་བགྱིས་པས་སྐུའི་ཤུུ་བའང་རིམ་གསོས་སུ་གྱུར། ཕྱིས་རྗེ་རྡོ་རྗེ་འཆང་ཆེན་པོའི་གསུང་ལས། དེ་སྐབས་ཕུན་ཚོགས་གླིང་གི་བཞུགས་གཡབ་ཏུ་བྱུག་སྨན་སྤྱི་དང་དྲེས་ཐག་མེར་སྦྱངས་ཀྱི་ཐལ་སྨན་བྱུགས་པས་བཟོད་གླགས་མེད་པའི་ཚ་ཟུག་འཁྲུངས་ཀྱང་ཕྱག་ཞབས་གཟིང་གཟིང་ཙམ་ལས་གསུང་ཡེ་མི་ཤོར་བའི་དམ་བཅའ་མཛད། ཅེས་གསུངས། ལོ་དེའི་རིལ་སྒྲུབ་འདམ་ལ་ཡབ་རྗེའི་ཕྱག་བཟོ་ཕག་གཟུགས་ཆུང་ངུ་ཞིག་སྐུ་སྲུང་དུ་སྩལ་བ་ནས་ཕྱིས་སུ་འོག་གདོན་གྱི་གནོད་པ་ཕལ་ཆེར་དེས་བསྲུངས་ཐུབ་བྱུང་ཞེས་གསུངས། དེའི་ཚེ་བརྩེ་ཆེན་ལྷ་ཁང་དུ་ཐར་རྩེ་རྗེས་གསུང་བསྐང་གནང་བ་དང༌། བཀའ་དབང་ཞིག་ལ་རྡོར་ལེ་མདའ་གཞུའི་འཁོར་ལོ་བསྐོར་བ་བྱ་གསུངས་བ་ཞིག་ཐུགས་མཚོར་འཇགས་པས་འཇིགས་བྱེད་དུག་དབང་བསྐུར་ཚིག་ཅིག་ལ་རྡོ་རྗེ་མདའ་གཞུའི་ཟེར་བ་འདྲ་ནི་མེད་དམ་གང་ལྟར་དེ་འདྲ་ཞིག་ཐུགས་ལ་གསལ་པོ་འདུག་གསུངས། ཡང་སྐབས་ཤིག་