R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༦༦
[A:༣༦༦]ཚོགས་ཁང་གྲལ་གདན་མང་པོ་ཅན་ཞིག་ན་ཁྲོ་འབག་ཀ་བར་སྦྲགས་པ་གཅིག་དང༌། ཡང་ནམ་ཟིར་ཡིན་དགོངས་པ་ཞིག་ལ་སྲས་རྫིའི་རྒྱབ་ཏུ་ཕེབས་ཏེ་ཡུམ་མཆོག་དང་ཨ་ལྕེ་དྲུང་ཟུང་བཅས་གཙུག་ལག་ཁང་སྒོ་ཤར་བསྟན་སྟེང་ན་སེང་གེ་དང༌། མདའ་ན་རྡོ་བཅལ་དབུས་སུ་ཤིང་སྡོང་ཅན་ཁྱི་སྐད་ལྷང་ལྷང་འབྱིན་པ་ཞིག་ཏུ་ཕེབས་པའང་ཐུགས་དྲན་གསལ་ཞིང༌། སླད་ནས་བརྟགས་ཚེ་ཅི་ཡིན་ནི་ངོ་མ་གསལ། དེ་ཙམ་ལ་གོང་དཀར་རྣམ་གྲངས་དཔོན་སློབ་བཅུ་ཕྲག་ནས་མདོས་སོགས་སྐུ་རིམ་མཛད་སྐབས་ཡིན་པས་ལྷ་ཆེན་ལྕགས་སྒོའི་ཤར་ཙམ་ན་ཀིང་ཀི་ཎིའི་འཆམས་པས་ལིང་གར་མེ་མདའ་རུབ་རྒྱག་གི་སྐད་འདྲ་བ་གསན་པ་དང༌། དེ་ནས་གཞི་ཐོག་གསང་སྔགས་ཕོ་བྲང་གཟིམ་ཆུང་མདའ་ཕུག་ཅན་དུ་བྱ་ཁྲ་མའི་ཤར་བརྒྱུད་དེ་ཕེབས་ཤིང༌། རིང་མིན་ནས་ཡབ་རྗེ་རཏྣའི་མཚན་ཅན་གྱིས་ཚོམས་དམར་དུ་ཞོ་འབྲས་སྩལ་བ། དུང་མཁན་ཡེ་ཤེས་རྒྱལ་མཚན་གྱིས་ཆོས་དུང་རིན་པོ་ཆེ་གསུང་བསྐུལ་བགྱིས་པ་དང༌། དེ་དུས་གླིང་དཔོན་མོ་དང་དཔོན་སློབ་འབྱུང་གནས་ཀྱི་དངོས་འབུལ་རྣམས་ཐུགས་དྲན་ཤིན་ཏུ་གསལ་བར་འཁྲུངས་པ་དང༌། ཡང་ཞབས་ཕྱི་ཞིག་གི་རྒྱབ་ཏུ་སྐུ་རིན་པོ་ཆེ་གདན་འདྲེན་གྱིས་ནང་སོའི་མགོན་ཁང་མཇལ་བར་མཛད་པས། ཟངས་ཆེན་བཀྲ་ཤིས་འོད་འབར་གྱི་མཚོ་ལ་མཐོངས་ཁུང་ནས་ཉི་མ་ཤར་བ་ལྟ་བུའི་འོད་ཆེན་པོ་ཞིག་གཟིགས་པའང་ཕྱིས་སུ་ཞིབ་འཇུག་མཛད་པས་དེ་འདྲ་ཡོང་དོན་ཡེ་མི་མངའ་བས་ཟངས་ཆེན་གྱིས་མཚོན་ནང་སོ་རྟེན་བརྟེན་པར་ཞབས་ཏོག་མཐར་ཕྱིན་དུ་འགྲུབ་པའི་རྟེན་འབྲེལ་བླ་ན་མེད་པའང་དེ་དུས་ནས་རང་འགྲིག་དང༌། དེ་ནས་གསང་སྔགས་ཕོ་བྲང་དུ་བཞུགས་སྐབས་འདི་ཡིན་མེད་པའི་སྙུན་གཞི་བྱིང་ངེ་བ་ཞིག་བཞེས་པས་སྨན་བཅོས་རིམ་གྲོ་སྤྱི་དང༌། ཡབ་རྗེ་མཆོག་ནས་ཚེ་དབང་ལྗགས་ཆུ་སོགས་གང་འཚམས་བཀའ་དྲིན་ཆེ་ཡང་བསྐྱེད་མ་བཞེས་པའི་ཚུལ་གྱིས་གཟིམ་མལ་དུ་བཞུགས་སྐབས་གཟིམ་ཆུང་ཕུག་མར་