R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༦༧
[A:༣༦༧]དབུ་སྔས་བྱང་བསྟན་སྟེང་བླ་བྲེ་པདྨ་འདབ་བརྒྱད་བཀྲ་ཤིས་རྫས་རྟགས་ཀྱི་རི་མོ་ཅན་ཞིག་དང༌། ཉིན་ཅིག་གཟིམ་མལ་དྲུང་ཡབ་ཡུམ་ཞབས་ཕྱི་འགའ་དང་བཅས་བཞུགས་མུར་དར་ཅིག་ལྗགས་དབུགས་ཀྱི་རྒྱུ་བ་ཆད་ཅིང་སྤྱན་ཡང་བཙུམ་སྟེ་དགོངས་པ་ཆོས་དབྱིངས་སུ་མཉམ་པར་བཞག་མུར་སྙན་ཁུང་གཡོན་ན་མར་ཨི་རི་རི་ཟེར་བའི་སྒྲ་ཞིག་ཡུན་རིང་གསན་སྐབས་ནས་ཉེ་སྐོར་རྣམས་ཁྲ་གསལ་གྱིས་གཟིགས་ཤིང༌། གང་ལྟར་དེ་དུས་ཡབ་ཡུམ་ལྟོས་བཅས་ཀུན་ད་ནི་རེ་ལྟོས་དང་བྲལ་སོང་དགོངས་པའི་ཐུགས་ཁྲལ་ཆེར་འཁྲུངས་ཀྱང༌། སྐྱེས་བུ་དམ་པའི་ཁྱད་པར་གྱི་ཆོས་ཚེ་སེམས་ཡོ་བྱད་ལས་སྐྱེ་བ་རྫུ་འཕྲུལ་སོགས་ལ་མངའ་བརྙེས་པའི་བརྡ་ནི་འདི་ལྟ་བུའོ་ཞེས་སྟོན་པར་མཛད་པ་ཡིན་གྲང༌། དེ་སྐབས་ཀྱི་ཨི་རི་རི་ཟེར་བའི་སྒྲ་དེ་ཡབ་རྗེ་མཆོག་ནས་ཚེ་གཟུངས་ལྗགས་བཟླས་ཀྱི་ཆ་བསྙན་ཁུང་དུ་བླུགས་པ་དང༌། ཁྲ་གསལ་གྱིས་གཟིགས་དུས་ཐུགས་དྲན་གསོས་པ་ཡིན་འདུག །ཅེས་ཕྱིས་སུ་ཡང་ཡང་བཀའ་སྩལ། རིམ་གྱིས་སྙུན་ལས་གྲོལ་ཚུལ་བཞེས་ཏེ་ཡབ་རྗེ་མཆོག་ནས་ཡོངས་རྫོགས་བསྟན་པ་རིན་པོ་ཆེའི་ཉམས་ལེན་འཇིགས་བྲལ་སྟོབས་ཀྱི་མགོན་པོ་དཔལ་ལྡན་བིརྺ་པ་ཉིད་ལ་རྗེ་བཙུན་རྡོ་རྗེ་བདག་མེད་མས་དངོས་སུ་སྩལ་བའི་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་སྨིན་གྲོལ་གྱི་དགའ་སྟོན་གཉིས་པ་བཞུགས་ཁྲི་པདྨ་ཅན་གྱི་སྟེང་ནས་སྩལ་བའི་ཞལ་སློབ་ཀྱི་དབུས་སུ་རྗེ་རྡོ་རྗེ་འཆང་ཉིད་ཀྱང་ཡུམ་གྱི་སྐུ་པང་དུ་ཕེབས་ཏེ་གསན་བཞེས་མཛད་དོ།། །། ༈ དགུང་གྲངས་བཞི་པ་ཆུ་བྱིར་སྔགས་འཆང་གྲགས་པ་བློ་གྲོས་ཀྱི་ཕྱག་ཆ་རྡོར་དྲིལ་རོལ་མོ་སིལ་སྙན་སོགས་བཞེས་ཏེ་ཐོག་སོ་གང་ཙམ་ལ་བསྒྱུར་བ་མཛད་ཀྱང་སྐྱོན་ཡེ་མི་མངའ་ཞིང༌། སྔ་ཕྱི་ཀུན་ཏུ་གཞོན་ནུ་རོལ་རྩེད་ཀྱི་སྐབས་ཀྱང་ཕུར་སྒྲུབ་དང༌། བསྐང་གསོ་སྐུ་འཆམས་རྡོར་དྲིལ་འབག་སོགས་ཆོས་མཐུན་འབའ་ཞིག་གི་རྣམ་པས་དུས་འདའ་བ་ལས། གཞན་མ་བྱིས་སྤྱོད་ཕལ་པ་