R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༧༣
[A:༣༧༣]སྩལ་དུས། ཚེ་བུམ་ཟན་གྲུབ་མ་དེ་ལས་འཆི་མེད་ཚེ་ཆུའི་རྒྱུན་དངོས་སུ་ཕེབས་པའང་ཡབ་རྗེ་མཆོག་ལ་ཉུང་ངུ། རྗེ་རྡོ་རྗེ་འཆང་ཉིད་ལ་མང་ཙམ། འཇམ་མགོན་གཅུང་རིན་པོ་ཆེ་དང་ཡུམ་མཆོག་དྲུང་ལ་གཏན་ནས་མ་བྱོན་པས་ཕྱིས་ཀྱི་རྟེན་འབྲེལ་ཡང་དེ་ལྟར་དུ་གྱུར་ཅིང༌། དེ་དུས་ཚེ་དཔག་མེད་ལྷ་དགུའི་སྒོ་ནས་འཆི་བསླུ་དང་རྗེས་འབྲེལ་གྱི་བཀའ་དབང་ཐོག་མེ་ཏོག་དཀྱིལ་འཁོར་ལ་འབུལ་གནང་སྐབས་ཀྱང་ཡབ་རྗེའི་དེ་སངས་རྒྱས་ཚེ་དཔག་མེད་ལ་བབས། རྗེ་རྡོ་རྗེ་འཆང་ཉིད་ཀྱི་དེ་རིན་ཆེན་ཚེ་དཔག་མེད་ལ་བབས། འཇམ་མགོན་གཅུང་དམ་པ་དང་ཡུམ་མཆོག་དྲུང་གི་དེ་གཞལ་ཡས་ཁང་ནང་དུ་ལྷུང་ཙམ་བྱུང་ཞིང༌། གུར་ཁྲོ་བཅུ་དང་ཞལ་བསྙེན་དུས་ཀྱི་རྗེས་གནང་ཡང་གསན། ཡང་ཐར་རྩེ་རྡོ་རྗེ་འཆང་ཉིད་ནས་ཡབ་རྗེར་སྒྲོལ་དཀར། རྗེ་ཉིད་ལ་དབྱངས་ཅན་ལྷ་མོ། །གཅུང་དམ་པར་ཞལ་སྒྲུབ་དུས་ཀྱི་ཐང་ཀ་བཅས་སྩལ་བའང་བརྟགས་ཤིང་དཔྱད་ན། ཡབ་རྗེ་མཆོག་ལ་སྐུ་ཚེ་བསྲིང་ཐབས་སྒོ་གང་ཟབ་མཛད་དགོས་པ་དང༌། རྗེ་རྡོ་རྗེ་འཆང་ཉིད་ཤེས་བྱའི་དཀྱིལ་འཁོར་ལ་སྒྲ་དབྱངས་ལྷ་མོ་ལྟ་བུའི་མཁྱེན་རབ་རྒྱས་པར་འགྱུར་བ་དང༌། གཅུང་དམ་པ་ཉིད་ལ་གཉན་མགོན་ཞལ་བཞི་པ་ཤིན་ཏུ་འགོ་ཞིང་འཆེས་པས་ན་དེ་ཉིད་བསྟེན་སྒྲུབ་ཀྱིས་ཕྲིན་འཆོལ་དགོས་པའི་བརྡ་ཡང་དག་པ་རྣམས་རྩ་བའི་བླ་མ་དམ་པ་གང་ནས་ལྐོག་གྱུར་རྗེན་སྟོན་དུ་གོར་མ་ཆག་གོ། །། ༈ དགུང་གྲངས་བཅུ་པ་ས་རྟར་དབང་ཁང་ཕུའི་མགོན་ཁང་སྲིད་གསུམ་ཟིལ་གནོན་དུ་ལྷ་མཆོག་རྡོ་རྗེ་གཞོན་ནུའི་དུས་གྲངས་ཀྱི་ལྗགས་བསྙེན་ཁ་སྐོང་སྦྱིན་སྲེག་བཅས་མཐར་ཕྱིན་དུ་བཀའ་དྲིན་ཆེ་ཞིང༌། ཐུན་དབར་ལ་ཡབ་རྗེ་མཆོག་ནས་ས་སྐྱ་བཀའ་འབུམ་གྱི་ལྗགས་ལུང་དང༌། དེ་ལོ་སྒྲོལ་མ་གཡུ་མཁར་མོའི་སྟེང་གི་དྲི་གཙང་ཁང་འདི་ཉིད་རྟེན་བརྟེན་པ་བཅས་གང་གི་ཡབ་རྗེ་ནས་གསར་བསྐྲུན་མཛད་པའང་ཡུམ་མཆོག་ཉིད་ཕེབས་གོང་གི་མནལ་ལམ་དེ་ཉིད་ལྐོག་གྱུར་རྗེན་གསལ་དུ་