R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༧༤
[A:༣༧༤]མངོན་ནོ།། །། ༈ དགུང་གྲངས་བཅུ་གཅིག་ཏུ་ཕེབས་པ་ས་ལུག་ལོར་ཁའུ་སྨན་ཆབ་སྐབས་མར་ལམ་སྐྱེད་ལྷས་སུ་རྒྱབ་རིའི་བྲག་གྲུམ་ཕྱིར་འཕེན་ན་རུང་མིན་ཞུས་སྐབས་ཡབ་རྗེ་མཆོག་གི་བཀའ་ལས། ངེད་རང་ནས་རབ་གནས་བགྱིས་ན་མི་སྐྱོན་ཞེས་གསུངས་ཏེ། ཡབ་སྲས་ཞལ་རྒྱས་ནས་ཕྱག་ནས་མཛད་པས་ད་ལྟའི་བར་དུའང་མ་ལྷུང་བ་ལིང་ངེ་ཡོད་པ་འདི་ཡིན་པར་གླེང་ཞིང༌། དེ་ནས་གཞི་ཐོག་ཕོ་བྲང་གི་ཤར་བརྒྱུད་ཉེན་ཆེས་པས་ཞིག་གསོ་མཛད་སྐབས་རྗེ་རྡོ་རྗེ་འཆང་ཉིད་ཨ་ལྕེ་དྲུང་ཟུང་བཅས་ལ་བཞུགས་གནས་ཤིང་གསར་བསྐྲུན་གྱི་གྱང་ལྡེབས་དང་ཤིང་བསྒྲིགས་སོགས་ལ་ཚོན་དང་མཐིང་ཞལ་སོགས་གྲུབ་བསྟུན། ཡབ་རྗེ་མཆོག་ནས་གུར་ལྕམ་དྲལ་དང་ཞལ་གྱི་ཐུགས་འཛུགས་དང༌། གནས་སློབ་ནས་གདུགས་དཀར་རྒྱལ་མཚན་འཛུགས་ཆོག་གནང་ཞིང༌། ནང་དུ་ཉེར་མཁོའི་ཡོ་བྱད་རྣམས་འགྲིག་རྗེས་རྗེ་རྡོ་རྗེ་འཆང་ཉིད་ཀྱིས་སྐུ་ཡོན་གྱི་རིམ་པ་སྤྱི་དང༌། བྱེ་བྲག་རྒྱལ་སྲས་ལམ་བཟང་སོགས་ཐུགས་འཛིན་མཛད་དོ། །དེ་དག་གི་དོན་བསྡུ་ན། འཇམ་མགོན་གཞོན་ནུར་གྱུར་པའི་འཁྲི་ཤིང་གང༌། །རྒྱལ་སྲས་སྤྱོད་པའི་ཡལ་འདབ་གསར་བུའི་དུས། །བག་ཆགས་བཟང་པོ་ཟབ་བརླིང་གཏིང་ཚུགས་པས། །བྱིས་སྤྱོད་དྲི་བཞོན་ངལ་ཏེ་གཤིན་རྗེར་བྲོས། །འཁྲུངས་མ་ཐག་ནས་དྲན་པའི་ལྕགས་ཀྱུ་ཡིས། །སྐྱེད་བྱེད་དང་བཅས་མི་ངས་གཉིས་འཐུང་སྣར། །བཏབ་སྟེ་སྙིང་རྗེའི་ཡུལ་དུ་རྗེས་བཟུང་ནས། །རྡོ་རྗེ་རི་བོའི་གཏོས་ཀྱི་རྣམ་ཐར་བསྐྱངས། །ཡོན་ཏན་ཀུན་གཞི་ཀཱ་ལི་ནས་བརྩམས་ཏེ། །བརྡ་ཙམ་མོད་དུ་བདེ་བླག་ཐུགས་ཆུད་པས། །མ་བསླབ་ཀུན་མཁྱེན་མི་འགྱུར་མཁས་པའི་གཏམ། །སྐྱེངས་ཏེ་སྔོན་བྱུང་རྫུ་ལ་བརྟེན་པར་ངེས། །གམླྀ་མ་ཧཱ་ཀཱ་ལས་དངོས་གྲུབ་མཚོན། །རྡོ་རྗེ་རྣོན་པོར་གསལ་འདེབས་དམ་བསྒོས་ཤིང༌། །དངོས་ཉམས་གཟིགས་སྣང་ངང་དུ་བདེ་སྟོང་གི །ཡེ་ཤེས་མཆོག་གི་རོ་ཡིས་ཐུགས་རྒྱུད་གཏམས། །མ་བཅོས་ལྷུན་གྲུབ་དམ་པའི་