R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༧༢
[A:༣༧༢]ཀྱི་རྒྱལ་པོས་མཛད་པའི་བྲག་རྫོང་མ་མཆན་བུ་བཅས་ཐུགས་ལ་ཟིན་ནས་ཞལ་འདོན་ཆག་མེད་ཀྱིས་ཉིན་ལྟར་ཡི་གེ་བདུན་མ་སོགས་སྟོང་ཕྲག་རེ་དང༌། སྔགས་འཆང་དང་ཨ་མེས་ཞབས་ཀྱི་སྐུ་བསྟོད་ཤློ་ཀ་རེ་བརྒྱ་ཚར་ཆག་མེད་འདོན་པར་མཛད། དེ་ནས་ཡབ་རྗེ་མཆོག་སྐུ་འཁོར་རགས་བསྡུས་བཅས་གཞིས་རྩེར་རྒྱལ་བ་ཡབ་སྲས་མིའི་དབང་པོ་བཅས་ཞལ་རྒྱས་ཐོག་མཇལ་ཕྱག་བཀའ་དྲིན་ཆེ་བ་ནས། སྨིན་དྲུག་ཟླ་ནང་གདན་སར་ཕེབས་སྐབས་ཀྱི་བཅའ་སྒྲིག་རྣམས་སྔར་སྲོལ་བཞིན་མཛད་དེ། རྗེ་རྡོ་རྗེ་འཆང་ཉིད་ཨ་ལྕེ་དྲུང་ཐུང་བཅས་ནས་བླ་བྲང་ཟམ་སྣེར་ཕེབས་བསུ། མཇལ་དར་བསྟར་བ། བྱིན་རླབས་ཞུ་བ་སོགས་མཛད་ནས་རིམ་གྱིས་གཟིམ་ཆུང་དུ་དགའ་སྤྲོའི་དཔལ་ལ་ལོངས་སྤྱོད་པར་གནང༌། མི་རིང་བར་ཀུན་རྫོབ་ལྟར་སྣང་དུ་བེག་གེའི་སྙུན་ལྕི་བ་འདོགས་བཅས་བཞེས་གནང་སྐབས་ཡབ་རྗེ་མཆོག་ནས་བཀའ་དབང་རྗེས་གནང་བྱབས་ཁྲུས་ལྗགས་ཆུ་སྐུ་གླུད་རྫོང་ཆོག་སོགས་མཛད་པས་གེགས་མེད་སྙུན་ལས་གྲོལ་བའི་ཚུལ་བཞེས་སོ།། །། ༈ དགུང་གྲངས་དགུར་ཕེབས་པ་མེ་སྦྲུལ་ལོར་རྗེ་ཉིད་ཀྱིས། །དཔལ་ས་སྐྱ་པའི་ཡབ་ཆོས་གྲས་ཁྲོ་བོའི་རྒྱལ་པོ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་ལྗགས་བསྙེན་ཟླ་གཅིག་དབང་ཁང་སྨིན་གྲོལ་བདེ་ཆེན་དུ་གྲངས་བསྙེན་མཐར་ཕྱིན་མཛད་སྐབས་ལྷོ་ཕྱོགས་ནས་འདི་ཡིན་མེད་པའི་སྒྲ་ཕིར་མང་པོ་ཞིག་དང༌། འོད་འཁྱུག་འཁྱུག་བྱུང་བས་ཅི་ཡིན་དགོངས་རབ་གསལ་དེར་གཟིགས་པས་སྤྲིན་ནག་གི་ཁྲོད་ན་གུར་ལྷ་བརྒྱད་ཡོངས་རྫོགས་བྱ་ནག་ཐམས་ཅད་ཀྱི་ཁ་ན་སྒོག་ཉག་རེ་རེ་ཐོགས་པ་ཞིག་འཁྲུངས། གཞན་ཡང་རྗེ་བཙུན་རིན་པོ་ཆེ་གཟིགས་སྣང་བྱུང་བའི་ཚུལ་འབུམ་ཐང་ལྡེབས་བྲིས་ལ་གསལ་བ་བཞིན་དང༌། དེ་ལོ་སྐྱབས་མགོན་མཐུ་སྟོབས་དབང་ཕྱུག་ཉིད་ཕུན་གླིང་དུ་ཐོག་མར་ཕེབས་སྐབས་དྲུང་འཁོར་གྱིས་གཞས་སོགས་བསུ་བ་དང༌། སྐབས་ཤིག་ཐར་རྩེ་རྡོ་རྗེ་འཆང་ནམ་མཁའ་བསམ་གྲུབ་ནས་ཡབ་ཡུམ་སྐུ་མཆེད་བཅས་ལ་ཚེ་དབང་ཞིག་