R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༧༥
[A:༣༧༥]གཤིས་ལུགས་ལ། །བྱས་ཤེས་དྲིན་གཟོའི་རི་མོ་བསུབ་ཏུ་བྲལ། །རྒྱལ་དང་རྒྱལ་སྲས་མཆོག་གི་རྣམ་ཐར་ནི། །ལྷ་རིགས་གཞོན་ནུའི་ཐུགས་ཀྱི་རྒྱ་མཚོར་འཁྱིལ། །ཞེས་ཀྱང་སྨྲས་སོ།། །། ༈ རྩ་བའི་ས་བཅད་བཞི་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་གསེར་ཁྲི་རིན་པོ་ཆེར་དབང་བསྐུར་ཏེ་བསྟན་པ་དང་འགྲོ་བའི་ཕན་བདེ་རླབས་པོ་ཆེ་སྤེལ་ཚུལ་ལ། ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་གསེར་ཁྲི་རིན་པོ་ཆེར་མངའ་གསོལ་བ་དང༌། བསྟན་འགྲོའི་ཕན་བདེ་སྤེལ་ཚུལ་རྣམས་ལོ་ཁམས་དང་སྦྱར་ཏེ་བཤད་པ་གཉིས་ལས། དང་པོ་ནི། སྐྱེ་བ་གཞན་དུ་སྦྱངས་པ་དང༌། །མཁས་པ་དུ་མ་བསྟེན་པ་དང༌། །རྣམ་པར་དཔྱོད་པའི་བློ་གྲོས་ཀྱིས། །ཤེས་བྱ་ཀུན་ལ་འཇིགས་མེད་ཐོབ། །ཅེས་གསུངས་པ་ལྟར། ངེས་པའི་དོན་དུ་རྗེ་བཙུན་འཇམ་པའི་དབྱངས་ལས་གུད་ན་མ་མཆིས་ཀྱང༌། རྣམ་པར་མི་ནས་མིར་གྱུར་བའི་སྐྱེ་བ་ཉི་ཤུ་རྩ་ལྔར་དེ་ཉིད་ཀྱིས་རྗེས་སུ་བཟུང་བས་ཤེས་བྱ་རིག་པའི་གནས་ལྔ་དང༌། བཅུ་དང་བཅོ་བརྒྱད་ལ་སོགས་པ་མཐའ་དག་ཕྱིན་ཅི་མ་ལོག་པར་མཁྱེན་པའི་འཇམ་མགོན་ས་སྐྱ་པཎྜི་ཏ་ཆེན་པོ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་སྐུ་དབོན་དང་བཅས་པའི་ཆོས་ཀྱི་ཁྲི་རིན་པོ་ཆེ་མཁས་པ་ཟིལ་གནོན་དུ་གྲགས་པ་ག་ལ་བར། ལྷ་དང་བཅས་པའི་འགྲོ་བ་མཐའ་དག་གི་མཆོད་སྡོང་ཆེན་པོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི་སྔོན་དུ་འགྲོ་བ་རྟེན་འབྲེལ་གྱི་སྒོ་འཕར་བརྒྱ་ཕྲག་དབྱེ་རྒྱུའི་སྐུ་རིམ་དུ། ས་ལུག་དབྱུག་ཟླའི་ཉེར་དྲུག་ལ་དམར་ཆེན་གཏོར་བཟློག་དང་སྦྲགས་རྒྱལ་གསུང་བཀའ་འགྱུར་རིན་པོ་ཆེ་ཞལ་དབྱེ་བ། མི་ཤིགས་རྡོ་རྗེའི་ཚེ་སྲོག་སྒྲུབ་པའི་ཆོ་ག་བཅས་དང༌། བསྙེན་སྒྲུབ་ལས་གསུམ་མཐར་ཕྱིན་གྱི་ཟོར་ལས་པ་ལྔས་ཉེར་དགུར་གཏོར་ཟོར་འཕེན་པ། སྨིན་ཟླའི་ཚེས་གསུམ་ལྷག་པ་ལྷ་མཚམས་ཀྱི་འགྲུབ་སྦྱོར་དང་ལྡན་པའི་ཉིན་མཆོད་ཞིང་བྱ་ཁྲ་མའི་འབྲུུ་སྤུངས་ལ།