R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༠༥
[A:༡༠༥]མཆོད་པ་དང༌། ཡི་དམ་གྱི་ལྷ་མང་པོའི་སྒྲུབ་མཆོད་དང༌། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གསུང་སྒྲོགས་དང༌། ཆོས་སྲུང་རྣམས་ལ་སྐོང་ཕྲིན་སོགས་ནར་མར་མཛད་པ་དང༌། ལྷུན་གྲུབ་སྟེང་རང་དུའང་སྔོན་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གི་སྐུ་དུས་ནས་བཟུང་སྟེ་སྲོལ་དོད་པ་ལྟ་བུའི་ཧོར་ཟླ་བཅུ་གཉིས་པའི་གནམ་གང་ཉིན། དྲུག་འདུའི་དབུ་བཞུགས་སུ་ཡིན་གྱི་གཙོས་འདུས་ཚོགས་སྤྱིར་ཚེ་ཆོག་དང༌། མགོན་ཁང་ཁག་རྣམས་སུ་སྐོང་བ། ཆོས་སྒྲོགས་པ་མང་པོས་གསུང་རབ་བཀླག་པ། དེར་འདུས་པའི་རྙིང་མའི་བླ་མ་དགེ་སློང་སྔགས་པ་བཅས་ལ་ཡོན་འབུལ་དང་རྣམ་གཞག་སོགས་གང་ཟབ་རེ་གཏོད་བའི་རྒྱུན་མཆིས་པ་རྣམས་ཀྱང་མ་ཆག་པར་ཡར་ལྡན་དུ་མཛད་ཅིང༌། དེར་མ་ཟད་སྐབས་སྐབས་སུ་ལྷུན་གྲུབ་སྟེང་དང༌། ཉེ་སྐོར་གྱི་དགོན་ཁག་རྣམས་སུ་མང་འགྱེད་སོགས་སྩལ་བ་དང༌། ཁྱད་པར་རྗེ་འདི་ཁམས་སུ་ཕེབས་ནས་ལོ་བཞི་སོང་བའི་མཚམས་ས་རྟ་ལོར་རང་དང་གཞན་གྱི་རྒྱུད་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་ཕྱིར་དུ་ཕྱག་རྫས་ཇི་ཡོད་ཐམས་ཅད་བསྐུར་ཏེ། གཙོ་ཆེར་ས་ངོར་གྱི་བླ་མ་རྣམས་སུ་འབུལ་བ་དང༌། དགོན་པར་མང་འགྱེད་གང་ཟབ། གཞན་རིས་སུ་མེད་པའི་དགོན་ཁག་ཡོངས་ལ་བསྙེན་བཀུར་སྟོབ་པའི་ཆེད་དུ། མཛོད་པ་ཡོན་ཏན་རྒྱ་མཚོ་དཔོན་འཁོར་རྣམས་བརྫོང་བརྡའ་གནང་བ་བཞིན། ཕྱག་མཛོད་པས་ཀྱང་རྭ་སྒྲེང་ནས་བཟུང་སྟེ་དཔལ་ལྡན་ས་སྐྱའི་བར་གྱི་རིས་སུ་མེད་པའི་བླ་མ་སོ་སོར་འབུལ་བ། རྟེན་གསུམ་ཡོངས་ལ་མཆོད་འབུལ། དགོན་སྡེ་རྣམས་སུ་མང་འགྱེད་སོགས་དཔྱིས་ཕྱིན་པར་བསྒྲུབས་ཏེ་བར་ཆད་མེད་པར་སྐུ་དྲུང་དུ་འབྱོར། ས་རྟ་ལོ་དེར་ལྷ་སྲས་རིན་པོ་ཆེ་ཚེ་དབང་རྡོ་རྗེ་རིག་འཛིན་པའང་མདོ་སྨད་སྐྱེ་དགུ་ཡོངས་ཀྱི་བདག་པོ་ཆེན་པོར་ཆོས་རྒྱལ་གོང་མ་རིམ་