[A:༡༠༦]བྱོན་གྱི་གསེར་ཁྲིར་མངའ་གསོལ་བའི་ཚེའང༌། རྗེ་འདིས་ལེགས་འབུལ་གྱི་ཚོགས་རྒྱ་ཆེ་བ་དང༌། བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་དབང་བསྐུར་བ་ལ་སོགས་པའི་སྒོ་ནས་འཕྲལ་ཡུན་ཀུན་ཏུ་དགེ་ལེགས་རྒྱ་ཆེར་འབྱུང་བ་དང་བཀྲ་ཤིས་པར་མཛད་ཅིང༌། གཞན་ཡང་ལྕགས་ལ་ནས་བཙུན་མོ་རིན་པོ་ཆེ་རྒྱལ་ཁབ་ཏུ་བཞེས་པ་ལ་སོགས་པའི་ཚེའང༌། རྗེ་འདིས་ཐབ་གསོས་ལ་སོགས་པ་རྒྱ་ཆེར་སྩལ་ཞིང༌། ལེགས་ཚོགས་རྒྱ་ཆེར་འབྱུང་བའི་རྟེན་འབྲེལ་སོགས་ཀྱང་བསྒྲིག་པར་མཛད་དོ། །དེ་རྗེས་ཕྱག་རྫས་ཡོད་རིགས་རྣམས་དབུས་གཙང་གི་བླ་མ་དགེ་འདུན་རྣམས་ལ་བསྙེན་བཀུར་སྟོབ་པ་དང༌། རྗེ་རང་ཡང་སྐུ་ཚེའི་མཇུག་འདིར་ཨེ་ཝྃ་ཆོས་ལྡན་དུ་བཞུགས་ནས་ཐུགས་དམ་ལ་རྩེ་གཅིག་ཏུ་སྒྲིལ་བཞེད་ཀྱིས། ཆོས་རྒྱལ་ཆེན་པོ་སྲས་ཡུམ་རྣམས་སུ་དགོངས་ཁྲོལ་ནན་ཆགས་ཀྱིས་ཞུ་བར་མཛད་པས། ཤིང་གླང་ལོར་བོད་དུ་འབྱོན་ཆོག་པའི་ཞལ་བཞེས་ཐོབ་པར་བརྟེན། རིམ་གྱིས་བོད་དུ་ཕེབས་ཆས་ཀྱི་སྐོར་རྣམས་སྟ་གོན་མཛད་པ་དང༌། དོན་གཉེར་རྣམས་ཀྱིས་ཞུས་པའི་ཆོས་ཀྱི་འཕྲོ་རྣམས་ཀྱང་རྫོགས་པར་སྩལ་བ་དང༌། སྦྱིན་བདག་དད་པ་ཅན་རྣམས་ཀྱིས་ཁྱིམ་དུ་གདན་དྲངས་པ་རྣམས་སུ་བྱོན་ཏེ་རང་རང་གི་རེ་བའི་ཡོལ་གོ་ཐམས་ཅད་ལེགས་པར་བཀང་བ་དང༌། ལྷུན་གྲུབ་སྟེང་དུའང་མང་འགྱེད་ཁ་ཤས་ཀྱི་ཐོག་བཟང་གོས་ཡུག་སྦམ་གྱི་འཕན་དང༌། སྤོས་འཛིན་དང༌། མཆོད་ཀོང་བརྒྱ་རྩ་ལ་སོགས་པའི་སྦྱོར་འཇགས་མཛད་པ་དང༌། ཉེ་སྐོར་གྱི་དགོན་ཁག་རྣམས་སུ་མང་འགྱེད་དང༌། གཞན་ཡང་རྟེན་གསུམ་རིགས་ལ་མཆོད་འབུལ་དང༌། ཆོས་སྐྱོང་ལ་སྐོང་བ་དང༌། ཡུལ་ལྷ་གཞི་བདག་རྣམས་ལ་བསང་མཆོད་སོགས་རྒྱས་པར་མཛད། ཆོས་རྒྱལ་ཆེན་པོ་ཡབ་ཡུམ་སྲས་རྣམས་ནས་ཀྱང་ཕེབས་