[A:༡༠༤]འབྲས་རེ་ཙམ་ཞུས་ན་ལེགས་ཚུལ་ཟེར་ཡང༌། རྗེ་འདིའི་ཞལ་ནས། སྤྱིར་འཇིག་རྟེན་གྱི་ཁམས་སུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང༌། ཁྱད་པར་ཆོས་རྒྱལ་མཆོག་གི་གཙོས་ལྗོངས་འདིར་འཁོད་པའི་སྐྱེ་འགྲོ་ཀུན་ལ་བདེ་སྐྱིད་རྒྱ་ཆེན་པོ་འབྱུང་བའི་བསམ་སྦྱོར་དང་རྟག་ཏུ་མ་བྲལ་བ་དགོས་པར་འདུག །དེ་མིན་རང་རེ་གྲྭ་རྐྱང་གི་ཁ་ཟས་ཁོང་རྒྱལ་པོ་ཆེན་པོས་གསོལ་ཉན་མེད་གསུངས་ནས་གསོལ་ཇ་ཞུ་བ་ཙམ་ཡང་མི་མཛད་ཅིང༌། དུས་རྒྱུན་དུའང་ལས་བྱེད་པ་རྣམས་ལ་སྦྱིན་བདག་གི་དད་རྫས་འདི་རྣམས་ཆུད་ཟོས་སུ་མ་སོང་བར་དགོས་པའི་ཞལ་ཏ་རེ་ཙམ་གནང་བ་ལས། གཏིང་ནས་ཕྱག་རྫས་ལ་འཛིན་པ་མེད་པའི་སྟོབས་ཀྱིས་གཟིགས་རྟོག་སོགས་ནི་མཛད་མ་གྲུབ་པར་སྣང༌། ཕྱག་མཛོད་རྟེན་བཟང་པ་ཡོན་ཏན་རྒྱ་མཚོའང་ཕྲན་བུའི་ཚགས་ཞན་པ་ལྟ་བུས། འབུལ་བ་བྱུང་ཚོད་ཙམ་ཞིག་གི་འབྱོར་སྟོབས་ནི་མེད་པར་མངོན། གང་ལྟར་ཡང་ཕྱག་ཏུ་བྱུང་བའི་དངོས་པོ་ཐམས་ཅད་ཡུལ་མཆོག་ཏུ་གྱུར་པ་བླ་མ་དང་མཆོག་གི་དྲུང་དུ་མཆོད་འབུལ་དང༌། བསྟན་པ་དང་སེམས་ཅན་གྱི་ཆེད་དུ་གཏོང་བ་ལ་ཕངས་པ་ཅུང་ཟད་ཀྱང་མེད་པའི་ཁར་ཐུགས་དགྱེས་ཚོར་ཆེན་པོ་མཛད་ཅིང༌། དེའི་སྟོབས་ཀྱིས་སྔ་ཕྱིར་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་ལ། དངུལ་སྲང་ལྔ་བཅུ་ལས་གྲུབ་པའི་འཇམ་དབྱངས་དཀར་པོའི་སྐུ་དང༌། གསེར་ཟངས་ལས་གྲུབ་པའི་བྱང་སེམས་ཉེ་བའི་སྲས་བརྒྱད་ལ་སོགས་པའི་གསེར་སྐུ་དུ་མ་དང༌། སྨན་འདམ་ལས་གྲུབ་པའི་སྐུ་ཁ་ཤས། གསུང་རྟེན་དུ་གླེགས་བམ་བྲིས་མ་པོད་བཅོ་ལྔ་ཙམ་དང༌། སྤར་མ་སྤུས་ཤིན་ཏུ་དག་པ་པུསྟ་ཀ་བདུན་ཅུ་སྐོར་དང༌། ཐུགས་ཀྱི་རྟེན་དུ་ཁང་བུ་བརྩེགས་པའི་མཆོད་རྟེན་སོགས་བཞེངས་ཏེ། རབ་ཏུ་གནས་པའི་ཆོ་ག་རྣམ་པར་དག་པའི་སྒོ་ནས་བྱིན་རླབས་ཀྱི་དཔལ་འབར་བར་མཛད་པ་དང༌། དུས་རྒྱུན་དུའང་ཕན་གླིང་བླ་བྲང་དུ་དགེ་བཤེས་བཟང་གྲས་སྐོར་གྱིས་བླ་མ་