R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༠༧
[A:༡༠༧]བརྫོང་དང་འབུལ་བ་སོགས་གྱ་ནོམ་པ་མཛད་ཅིང༌། གཞན་ཡང་འཕྲུལ་བློན་ཆེན་པོ་རྣམས་དང༌། ཕྱག་མཛོད་དང༌། མདུན་སྐོར་ལ་སོགས་པ་རྣམས་དང༌། ལྷུན་གྲུབ་སྟེང་གི་གཙོས་དགོན་ཁག་སོ་སོའི་བླ་མ་དབུ་ཆོས་ལ་སོགས་པ་དང༌། ཁྱིམ་བདག་དད་པ་ཅན་རྣམས་ནས་ཀྱང་ཕེབས་བརྫོང་གི་ཚོགས་ཟབ་པར་ཕུལ་ཞིང༌། ཕར་ཡང་ཆོས་རྒྱལ་ཆེན་པོ་སྲས་ཡུམ་རྣམས་སུ་ཁམས་བདེའི་འབུལ་ཚོགས་རྒྱ་ཆེ་བ་དང༌། གཞན་ཡང་བཀའི་བློན་ཆེན་སོགས་ཀྱི་གཙོས་སོ་སོར་ཁམས་བདེ་དང༌། གནང་སྦྱིན་སོགས་གང་ལ་གང་དགོས་རྣམས་ཞིབ་པར་མཛད་ཅིང༌། དེ་དུས་མི་དབང་ཡུམ་རིན་པོ་ཆེ་ནས་དགོངས་པ་རྩ་ཁྲོལ་ལྟ་བུ་བྱུང་རུང༌། ཆོས་རྒྱལ་ལྷ་སྲས་རིན་པོ་ཆེ་ནས་རྗེ་འདིའི་ཕྱག་ལ་འཇུས་ཏེ། སྤྱན་ཆབ་མང་དུ་གསིལ་ཞིང༌། སླར་ངེད་ནས་གདན་འདྲེན་མཁན་ཞིག་བཏང་འོང་བས། དེ་དུས་ངེས་པར་ཕེབས་དགོས་པའི་བཀའ་ནན་ཤིན་ཏུ་ཆེ་བར་བརྟེན། རྗེ་འདིས་ཀྱང་དེ་བཞིན་བགྱིད་པའི་ཞལ་བཞེས་ལྟ་བུ་ཞིག་མཛད་དགོས་བྱུང་བར་སྣང༌། གང་ལྟར་དགུང་ལོ་ཞེ་གཅིག་ཏུ་སོན་པ་ཤིང་གླང་ཧོར་ཟླ་ལྔ་པའི་ནང་སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཆོས་རྒྱལ་ཆེན་པོ་སྲས་ཡུམ་རྣམས་ནས་ཆིབས་སྐྱེལ་གྱི་ཚོགས་རྒྱ་ཆེན་པོ་དང་བཅས་ཏེ་ཆིབས་བཏེག །ཆོས་རྒྱལ་མཆོག་ནས་ཀྱང་དབུས་གཙང་བར་གྱི་ཕེབས་སྐྱེལ་དང༌། ཆིབས་ཁར་སྤོམ་ཁའི་ཀུན་དགའ་བསྟན་འཛིན་དཔོན་གཡོག་རྣམས་གཏོང་བར་མཛད། དེ་ནས་རིམ་གྱིས་ལམ་བར་དུ་འཁོད་པའི་འགྲོ་བ་རྣམས་ལའང་ཆོས་དང་ཟང་ཟིང་སོགས་ཅི་རིགས་པར་སྩལ་ཏེ་བྱང་ལམ་བརྒྱུད་བྱོན། ཐོག་མར་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་བཏབ་པའི་ཆོས་གྲྭ་ཆེན་པོ་བྱང་རྭ་སྒྲེང་དུ་ཕེབས་ཏེ། རྭ་སྒྲེང་ཁྲི་ཆེན་རིན་པོ་ཆེར། སྐུ་གསུང་ཐུགས་