[A:༡༠༨]རྟེན་གྱི་གཙོས་པའི། ཇ་འཁོར་བདུན། རྟ་གཅིག །དྲེའུ་གཅིག །གཞན་ཡང་དར་རས་ལིང་གོས་ཆེན་གཅན་གཟན་གྱི་པགས་པ་སོགས་ཚན་གྲངས་མང་པོ་དང༌། རྭ་སྒྲེང་ཏཱ་བླ་མ་སོགས་ལའང་ཇ་སར་སོགས་གང་ཟབ་མཛད། དེར་བཞུགས་པའི་རྟེན་གསུམ་ཁྱད་དུ་འཕགས་པ་རྣམས་ལ་བརྒྱ་མཆོད་རྣམ་པ་ལྔ་དང༌། སྙན་དར་ལ་སོགས་པ་གང་ཟབ་དང༌། དགོན་པར་མང་ཇའི་བསྙེན་བཀུར་བཅས་མཛད་ནས། སྟག་ལུང་པ་བཀྲ་ཤིས་དཔལ་གྱི་གདན་ས་ཆེན་པོ་སྟག་ལུང་གི་ཆོས་གྲྭར་ཕེབས་ཏེ། སྟག་ལུང་བླ་མ་རིན་པོ་ཆེར། ལྗོན་འདབ་འཁོར་ལྔ་ལ་སོགས་པའི་འབུལ་བ་ཚན་གྲངས་ཁ་ཤས་དང༌། རྟེན་གསུམ་ཡོངས་ལ་མཆོད་འབུལ། དགོན་པར་མང་ཇ་བཅས་མཛད་ནས། རོང་སྟོན་སྨྲ་བའི་སེང་གེ་ཤཱཀྱ་རྒྱལ་མཚན་གྱིས་བཏབ་པའི་ཆོས་གྲྭ་ཆེན་པོ་དཔལ་ནཱ་ལེནྡྲར་བྱོན། དེར་བཞུགས་པའི་བླ་མ་རྣམས་ལ་འབུལ་བ་གང་ཟབ་དང༌། རྟེན་གསུམ་རྣམས་ཀྱི་དྲུང་དུ་མཆོད་འབུལ། དགོན་པར་མང་འགྱེད་བཅས་མཛད། དེ་ནས་དར་ལུང་གཉན་གྱི་ཕོ་བྲང་དང༌། རྡོ་རྗེའི་གནས་ཆེན་བྲག་ཡེར་པ་རྣམས་ཀྱང་དད་པའི་སྤྱན་གྱིས་ལེགས་པར་མཇལ་ཏེ་མཆོད་པའི་སྒོ་འཕར་ཡངས་པོར་ཕྱེ་བ་དང་ལྷན་ཅིག་བསྟན་འགྲོ་ཡོངས་ལ་སྨན་པའི་སྨོན་ལམ་གྱི་ལྗོན་པའང་རྒྱས་པར་མཛད་དོ། །དེ་ནས་ཆོས་དང་ལོངས་སྤྱོད་ཀྱི་དཔལ་འབྱོར་བསམ་གྱིས་མི་ཁྱབ་པ་རྒྱུན་ཆད་མེད་པར་འབྱུང་བའི་གནས། ཡུལ་དབུས་འགྱུར་འཆང་གི་ལྟེ་བ་ལྷ་ལྡན་དུ་ཕེབས་ཏེ། ཐོག་མར་འཕགས་པ་འཇིག་རྟེན་དབང་ཕྱུག་མིའི་ཟོལ་གྱི་རྣམ་པར་རོལ་པ་རྒྱལ་དབང་ཐམས་ཅད་མཁྱེན་པ་ལུང་རྟོགས་རྒྱ་མཚོའི་མཚན་དཔེའི་དཀྱིལ་འཁོར་མཇལ་བ་དང་ལྷན་ཅིག །མཎྜལ་སྐུ་གསུང་ཐུགས་རྟེན་གྱི་དོད་དངུལ་ཊམ་སྲང་ལྔ། གསོལ་ཇ་དང་བཞེས་འབྲས་ཀྱི་དོད་ཊམ་སྲང་གསུམ། རིན་ཆེན་གཉིས་པ་ཊམ་སྲང་