R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༡༡
[A:༡༡༡]དང༌། ཐབ་བསུ་དང༌། ཁྱད་པར་དགེ་འདུན་འདུས་པའི་ཚོགས་ཀྱི་སེར་ཕྲེང་གི་བཀོད་པ་མཚར་ཞིང་ཡིད་དུ་འོང་བ་སྐྱེ་བོ་རྣམས་ཀྱི་མིག་གི་བདུད་རྩི་ཟླ་མེད་པར་གྱུར་པ་དང་བཅས་ཏེ་ཨེ་ཝྃ་ཆོས་ལྡན་དུ་བདེ་བར་ཕེབས་སོ། །དེ་ནས་ཀྱང་རིམ་གྱིས་ཐོག་མར་ཨེ་ཝྃ་བླ་བྲང་གཞུང་དུ། མཁན་ཆེན་ལས་ཐོག་པ་མདོ་སྔགས་སྨྲ་བའི་ཁྱུ་མཆོག་བསོད་ནམས་དཔལ་འབྱོར་གྱི་དྲུང་དུ། སྐུ་གསུང་ཐུགས་ཀྱི་རྟེན་དང༌། མཆོད་ཆའི་སྐོར་སྣ་ཚོགས། ཇ་འཁོར་ཉེར་ལྔ། རྟ་དྲེལ་ལྔ། མཛོ་གཡག་ཁ་ཤས། གཞན་ཡང་དར། རས། གོས། ལིང༌། སྤུ་ཤུན་སོགས་ཚན་གྲངས་མང་དུ་ཕུལ་ལོ། །བླ་བྲང་ཕུན་ཚོགས་ཁང་གསར་དུ་བསྟན་པའི་སྣང་བྱེད་དམ་པ་ཞབས་དྲུང་རིན་པོ་ཆེ་ངག་དབང་བློ་གྲོས་བཟང་པོ་པ་དང༌། ཀླུ་ལྡིངས་བླ་བྲང་དུ་ཞབས་དྲུང་རིན་པོ་ཆེ་ངག་དབང་བསྟན་པའི་རྒྱལ་མཚན་པ་དང༌། ཕན་བདེ་ཁང་གསར་དུ་ཞབས་དྲུང་རིན་པོ་ཆེ་དཔལ་ལྡན་རིན་ཆེན་ཆོས་མཛོད་བཅས་སོ་སོའི་མདུན་དུའང་སྐུ་གསུང་ཐུགས་རྟེན་དང༌། མཆོད་ཆའི་སྐོར་མང་པོ། ཇ་འཁོར་བཅོ་ལྔ་རེ། རྟ་དྲེལ་གསུམ་རེ། མཛོ་གཡག་ཁ་ཤས་རེ། གཞན་ཡང་ཚན་གྲངས་མང་དུ་ཕུལ་ཞིང༌། ཐར་རྩེ་རང་དུའང་རྣམ་དཀར་མཆོད་ཐེབས་ཀྱི་རྟེན་དུ་དམིགས་པའི་འབུལ་བར་སྐུ་གསུང་ཐུགས་རྟེན་དང༌། མཆོད་ཆ་སོགས་བཅའ་ལག་གི་རིགས་མང་པོ། ལྗོན་འདབ་འཁོར་བརྒྱ། རིན་ཆེན་གཉིས་པ་ཐུར་སྲང་བརྒྱ། རྟ་དྲེལ་ཉི་ཤུ་སྐོར་དང༌། ཁང་སེར་དབོན་ཤཱཀྱ་ཕུན་ཚོགས་པ་དང༌། དཔོན་སློབ་ལས་ཐོག་པ་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་བཅས་ལའང༌། སོ་སོར་ལྗོན་འདབ་འཁོར་རེ་དང༌། རྟ་རེས་གཙོས་པའི་ཚན་གྲངས་ཁ་ཤས་དང༌། ཁྱད་པར་ཨེ་ཝྃ་པའི་ལྷ་ཁང་ཁག་ཐམས་ཅད་དུ་མཆོད་འབུལ་དང༌། གསེར་གསོལ་དང༌། མཛོད་གོས་ཡུག་མང་པོའི་སྙན་དར་སོགས་ཤིན་ཏུ་ཟབ་པ་དང༌། གཙུག་