R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༡༢
[A:༡༡༢]ལག་ཆེན་པོར་དགེ་འདུན་བརྒྱད་བརྒྱ་སྐོར་བཞུགས་པ་ཐམས་ཅད་ལ་ཟླ་བ་ཕྱེད་ལྷག་ཙམ་གྱི་བར་དུ་བསྙེན་བཀུར་སྟོབ་པར་མཛད་དེ། དེའང་ཕྱེད་དངུལ་འགྱེད་དང༌། ཕྱེད་ཇ་འགྱེད་དུ་མཛད་པའི་དངུལ་འགྱེད་ལ་གྲྭ་པ་རེར་དངུལ་སྐར་ལྔ་དང༌། ཊམ་ཕྱེད་དང༌། ཞོ་རེ་རྣམས་སྤེལ་མ་མཛད་ཅིང༌། ཇ་འགྱེད་ནི་ཆུང་མཐའ་ཡང་ཉིན་རེར་དགེ་འདུན་ཉི་ཤུ་རེ་ལ་ཇ་སྦག་རེ་ལས་ཕྱིར་མ་ལྷུང་བར་མཛད་དོ། །གཙུག་ལག་ཁང་དེར་ཡང་སྟོང་འཁུན་གྱི་ཡུལ་ནས་འཐོན་པའི་གོས་ཆེན་གྱི་འཕན་དང༌། བླ་བྲེ་ལ་སོགས་པ་མཆོད་པའི་ཡོ་བྱད་འགའ་ཞིག་སྦྱོར་འཇགས་མཛད་པ་དང༌། ཁང་ཚན་བཅུ་གསུམ་པོ་ཐམས་ཅད་ལའང་ཇ་གསར་དང༌། རང་རང་གི་སྐོང་བརྒྱ་ཚོགས་སྐབས་འཕར་ཇའི་བསྙེན་བཀུར་ཞུས་ཐོག །ཁང་ཚན་ཆེ་ཆུང་གི་བབས་དང་བསྟུན་པའི་གཏན་གཞག་གྱ་ནོམ་པ་དང༌། གཞན་ཡང་བླ་ཁག་སོ་སོའི་ཕྱག་གཉེར་ལ་སོགས་པའི་ལས་ཚན་རྣམས་དང༌། དགོན་པའི་ཆོས་ཁྲིམས་དང༌། ཐར་རྩེ་རང་གི་ལས་ཚན། གྲྭ་ཚང་སོགས་དང༌། ངོར་ཆོས་ཀྱི་མི་སེར་ལ་སོགས་པར་ཇ་གསར་དང༌། གནང་སྦྱིན་སོགས་སྐབས་སུ་གང་བབས་མཛད་ནས། ཧོར་ཟླ་བཅུ་གཉིས་པའི་མཇུག་ཏུ་དཔལ་ལྡན་ས་སྐྱར་བྱོན་ཏེ། སྐྱབས་གཅིག་མཚུངས་ཟླ་མ་མཆིས་པ་འཇམ་མགོན་དབང་སྡུད་སྙིང་པོ་ཡབ་སྲས་རྣམས་ཀྱི་གསེར་ཞལ་རིན་པོ་ཆེ་མཇལ་བ་དང་ལྷན་ཅིག་ས་སྐྱ་གཞུང་གི་འབུལ་བར། མཎྜལ་སྐུ་གསུང་ཐུགས་རྟེན། མཆོད་ཆ་དང་ཐབ་ཆ་སོགས་ཟང་ཟིང་གི་དངོས་པོ་རྒྱ་ཆེ་བ། ལྗོན་ཇ་འཁོར་བརྒྱ། རིན་ཆེན་གཉིས་པ་ཐུར་སྲང་བརྒྱ། རྟ་དྲེལ་ལྔ་བཅས་དང༌། འཇམ་མགོན་དབང་སྡུད་སྙིང་པོ་སྐུ་སྒེར་འབུལ་བར། ཇ་འཁོར་བརྒྱད་དང༌། ཆིབས་གཅིག་གི་གཙོས་པའི་དངོས་ཆས་མང་པོ། གདུང་སྲས་རིན་པོ་ཆེ་པདྨ་བདུད་འདུལ་དབང་ཕྱུག །ངག་