R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༡༠
[A:༡༡༠]མཆོག་དང༌། ཞལ་ཟས་རྣམས་རེ་རེ་ནས་སྟོང་ཕྲག་ཏུ་ལོངས་པའི་མཆོད་འབུལ་ཤིན་ཏུ་བཟང་བ། ལྷ་ཁང་གཞན་རྣམས་སུའང་མཆོད་འབུལ་གང་རྒྱས་དང༌། རྩེ་རྣམ་རྒྱལ་གྲྭ་ཚང༌། གླིང་ཁག་གསུམ་གྱི་གྲྭ་ཚང༌། ཚེ་ཆོག་གླིང༌། འབྲས་སྤུངས་འདུས་སྤྱི། དེའི་ནང་གསེས་གླིང་ཁང་ཚན། སེ་ར་འདུས་སྤྱི། དེའི་ནང་གསེས་ཏྲེའོ་ཁང་ཚན། དགའ་ལྡན། རྒྱུད་སྟོད་སྨད། རྨེ་རུ། བཞི་སྡེ་སོགས་སུ་མང་ཇ་ཟབ་རྒྱས་དང༌། ལྷ་ས་བླ་བྲང་གི་ཕྱག་མཛོད་པར་སྨོན་ལམ་ཆེན་མོར་མང་ཇ་གཅིག་གི་བསྙེན་བཀུར་ཞུ་རྒྱུའི་དོད་རྣམས་ཕུལ་ཏེ་ལྷ་ལྡན་ནས་ཆིབས་བཏེག་སྟེ། སྙེ་ཐང༌། ར་བ་སྟོད། རོང་བྱམས་ཆེན་སོགས་ལམ་བར་གྱི་དགོན་ཁག་རྣམས་སུའང་མང་འགྱེད་དང༌། རྟེན་གསུམ་རྣམས་ལ་མཆོད་འབུལ་སོགས་རྒྱས་པར་མཛད་ནས་གཞིས་ཀ་རྩེར་བྱོན། བཀྲ་ཤིས་ལྷུན་པོར་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མའི་གསེར་ཞལ་རིན་པོ་ཆེ་མཇལ་བ་དང་ཆབ་ཅིག་འབུལ་བར་མཎྜལ་སྐུ་གསུང་ཐུགས་རྟེན་གསོལ་ཇ་བཞེས་འབྲས་དོད་ཊམ་སྲང་བརྒྱད། དར། རས། ལིང༌། གོས་ཆེན། སྤུ་ཤུན། མཆོད་ཆ་སོགས་ཚན་གྲངས་མང་པོ་དང༌། ལྗོན་ཇ་འཁོར་དྲུག་སུམ་ཅུ། རྒྱ་དངུལ་ཐུར་སྲང་ལྔ་བཅུ། རྟ་དྲེལ་གསུམ་ཙམ་དང༌། ཞབས་པད་མདུན་དུའང་ཇ་འཁོར་ལྔ་ལ་སོགས་པའི་འབུལ་བ་དང༌། གཞན་ཡང་རྩེའི་གསོལ་གཟིམ། མགྲོན་གཉེར། ཕྱག་མཛོད་སོགས་ལའང་འདྲིས་ཟབ་དང་སྟུན་པའི་ཇ་སར་གང་འཚམས། ཁྱད་པར་དགོན་དེའི་རྟེན་གསུམ་ཡོངས་ལ་གསེར་གསོལ་དང་མཆོད་འབུལ་གང་རྒྱས། དགོན་པར་མང་ཇའི་བསྙེན་བཀུར་དང༌། དེའི་ནང་གསེས་རྒྱ་ཁང་ཚན་པར་མང་ཇ་དང་ཇ་གསར་སོགས་ཟབ་པར་མཛད་ནས། ཧོར་ཟླ་དགུ་པའི་གཟའ་ཚེས་མཆོག་ཏུ་དགེ་བའི་ཉིན། ཨེ་ཝྃ་པའི་བླ་ཁག་ཁང་ཚན་དང་བཅས་པའི་ཆིབས་བསུ་