[A:༡༡༣]དབང་ཀུན་དགའ་རིན་ཆེན། མགོན་པོ་དངོས་གྲུབ་དཔལ་འབར། འཇམ་མགོན་ཀུན་དགའ་རྒྱལ་མཚན་ཏེ་སྐུ་མཆེད་བཞི་དང༌། རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་མ་གཙོས་པའི་རྗེ་བཙུན་མ་རྣམས་དང༌། ལྷ་ཁང་མཁན་རིན་པོ་ཆེ་དང༌། ཞབས་པད་བཅས་ཀྱི་སྐུ་སྒེར་སོ་སོར་ཡང་འབུལ་བ་གང་ཟབ་དང༌། གཞན་ཡང་གསོལ་གཟིམ་མགྲོན་གཉེར་སོགས་ལས་ཚན་ཐམས་ཅད་ལའང་འདྲིས་ཟབ་དང་བསྟུན་པའི་ཇ་གསར་སོགས་སྐབས་སུ་གང་བབས་དང༌། ཁྱད་པར་དུའང་སྐྱེ་དགུ་ཐམས་ཅད་ཀྱི་ཕན་བདེའི་རྩ་ལག་དམ་པར་གྱུར་པའི་བདེ་བར་གཤེགས་པའི་རྟེན་གསུམ་ངོ་མཚར་ཅན་བྱིན་རླབས་ཀྱི་གཟི་འོད་འབར་བ་རྣམས་ཀྱི་མདུན་དུ་མཆོད་པའི་དངོས་པོ་བཟང་ཞིང་རྒྱ་ཆེ་བ་དང༌། ཆོས་སྡེ་ལྷོ་བྱང་རྣམས་སུ་བཞུགས་པའི་དགེ་འདུན་ཇི་སྙེད་མཆིས་པ་རྣམས་ལ་མང་ཇ་དང་གྲལ་འགྱེད་སོགས་ཟབ་པར་མཛད་ནས་ངོར་དུ་བྱོན། ཞྭ་ལུ་ཆོས་སྡེ་དང༌། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་སོགས་ཉེ་སྐོར་གྱི་དགོན་ཁག་ཕལ་མོ་ཆེར་མང་འགྱེད་སོགས་སྟོབ་པ་དང༌། ཐར་རྩེ་རང་གི་ལྷ་ཁང་རྣམས་སུ་རབ་ཏུ་གནས་པའི་ཆོ་ག་རྒྱས་པར་མཛད་པ་སོགས་རྣམ་དཀར་གྱི་ཕྲིན་ལས་ཁོ་ནས་དུས་འདའ་བར་མཛད་དོ། །དེ་ནས་དགུང་ལོ་ཞེ་གཉིས་པ་མེ་སྟག་ལོའི་ཧོར་ཟླ་བདུན་པའི་ནང་མང་མཁར་ཆུ་ཚན་དུ་བྱོན། དེ་ཞོར་རྟིང་སྐྱེས་སོགས་སུའང་ཕེབས་ཏེ། དེ་ཕྱོགས་ཀྱི་དགོན་པ་ཕལ་ཆེ་བར་མང་ཇའི་བསྙེན་བཀུར་སོགས་མཛད་ནས་ངོར་དུ་བྱོན། རྗེ་རང་གི་སྐུའི་དབོན་བདག་ཅག་གི་རྣམ་འདྲེན་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་བྱམས་པ་ཀུན་དགའ་བསྟན་འཛིན་དང༌། རྣལ་འབྱོར་འཇམ་དཔལ་བཟང་པོ་གཉིས་ལ་གསུང་ངག་རིན་པོ་ཆེ་ཚོགས་བཤད་དང༌། སློབ་བཤད་