R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༡༧
[A:༡༡༧]གཅིག་ཕེབས་ནས་དེ་ཕྱོགས་ཀྱི་འགྲོ་བ་རྣམས་སྨིན་གྲོལ་ལ་བཀོད། ལྕགས་མོ་ལུག་གི་ལོར་རང་བྱོན་བཙུན་མོ་རིན་པོ་ཆེ་ལས་ལྷ་སྲས་རིན་པོ་ཆེ་དམ་ཚིག་རྡོ་རྗེ་ཚེ་རིང་རྣམ་རྒྱལ་པ་སྐུ་འཁྲུངས་པར། ཆོས་རྒྱལ་ཡབ་རིན་པོ་ཆེ་ནས་ཁོང་པའི་སྙིང་ལྟ་བུའི་གཅེས་སྤྲས་མཛད་པར་བརྟེན། ཉིན་རེ་བཞིན་ལྷ་སྲས་རིན་པོ་ཆེར་ཚེ་དཔག་མེད་ལྷ་དགུའི་དབང༌། རྟ་མགྲིན། ཕྱག་རྡོར། སོ་འབྲང་བཅས་ཀྱི་རྗེས་གནང་རེ་རེ། རྣམ་དམེ་གང་རུང་གི་ཁྲུས་རེ་བཅས་ཆག་མེད་དུ་འབུལ་དགོས་པར། དེ་ལ་དབྱར་གྱི་རིང་རྗེ་འདི་དང༌། དགུན་གྱི་རིང་རོང་པོ་ཆོས་རྗེ་ནས་མཛད་དགོས་ཚུལ་གྱི་བཀའ་ནན་ཤིན་ཏུ་ལྕི་བར་བརྟེན། ཞལ་ངོ་མ་ལྡོག་པར་དགུང་ལོ་ཞེ་བརྒྱད་པ་ཆུ་སྤྲེལ་ཧོར་ཟླ་གཉིས་པའི་ནང་བཀྲ་ཤིས་ཆོས་རྫོང་དུ་ཕེབས། ལྷ་སྲས་རིན་པོ་ཆེར་ཉིན་རེ་བཞིན་ཆག་མེད་དུ་འབུལ་རྒྱུའི་དབང་རྗེས་གནང་ཁྲུས་རྣམས་དང༌། གསར་འཕར་གྱི་སྐུ་རིམ་གང་དགོས་རྣམས་བསྒྲུབས་ནས། ཧོར་ཟླ་དགུ་པའི་ནང་དགོན་ཆེན་དུ་བྱོན། ཆོས་རྒྱལ་ཡབ་རིན་པོ་ཆེའི་ཐུགས་བཞེད་ཀྱི་བཀའ་ཆོས་རྣམས་འབུལ་བ་དང༌། གཞན་ཡང་དྲུག་འདུའི་དབུ་བཞུགས་དང༌། ཕན་གླིང་བླ་བྲང་དུ་སྐོང་བ་བརྒྱ་ཚར་སོགས་མཛད། དེ་ལྟ་བུའི་ཚུལ་གྱིས་དགུང་ལོ་ང་གཉིས་པ་མེ་བྱི་ལོའི་བར་དུ་དབྱར་བཀྲ་ཤིས་ཆོས་རྫོང་དང༌། དགུན་དགོན་ཆེན་དུ་བཞུགས། ཤིང་ཕག་ལོར་སྦྱིན་བདག་གི་དད་རྫས་རྣམས་ཆུད་ཟོས་སུ་མི་འགྱུར་བའི་ཕྱིར། ས་ངོར་གྱི་གཙོས་པའི་དགོན་ཁག་རྣམས་སུ་མང་འགྱེད་དང༌། ས་ངོར་གྱི་བླ་མ་རྣམས་སུ་འབུལ་བའི་བསྙེན་བཀུར་སྟོབ་པ་དང༌། མར་ལམ་དབོན་རྣལ་འབྱོར་འཇམ་དཔལ་བཟང་པོའང་གདན་འདྲེན་པའི་ཆེད་དུ། གྲྭ་ཚང་གྲས་ཀུན་དགའ་རྒྱལ་མཚན་པ་དང༌། ཀུན་དགའ་ཡེ་ཤེས་གཉིས་བརྫོང་བརྡའ་གནང་བ་བཞིན། ཁོང་རྣམས་ནས་ཀྱང་མཆོད་འབུལ་དང༌། བསྙེན་