R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༡༨
[A:༡༡༨]བཀུར་སོགས་ཡང་དག་པར་བགྱིས་ཏེ། མེ་ཕོ་བྱི་བའི་ལོར་དབོན་རིན་པོ་ཆེ་རྣལ་འབྱོར་འཇམ་དཔལ་བཟང་པོའང་གདན་དྲངས་ཏེ། དབུ་ཐོན་གང་ལེགས་ཀྱིས་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཏུ་འབྱོར། དེ་ནས་བཟུང་སྟེ་དབྱར་བཀྲ་ཤིས་ཆོས་རྫོང་དུ་རྐྱེན་སེལ་སྒྲུབ་པ་དང༌། དགུན་དྲུག་འདུའི་དབུ་བཞུགས་སོགས་དབོན་རིན་པོ་ཆེ་ནས་མཛད། རྗེ་འདིས་མེ་མོ་གླང་གི་ལོར་ཆོས་རྒྱལ་ཆེན་པོ་ཚེ་དབང་རྡོ་རྗེ་རིག་འཛིན་པ་དབུས་གཙང་ལྗོངས་ཀྱི་རྟེན་གསུམ་རྣམས་མཇལ་བ་དང༌། དེ་དག་ལ་མཆོད་འབུལ་དང་བསྙེན་བཀུར་སྟོབ་པའི་ཆེད་དུ་བྱོན་སོང་བར། དེ་སྐོར་གྱི་ཐུགས་བྲེལ་རྣམས་བཅད་དེ། ལོ་དེའི་ཧོར་ཟླ་དྲུག་པའི་ནང་སྒ་སྟོད་དུ་ཆིབས་ཁ་བསྒྱུར། དེ་ཕྱོགས་ཀྱི་འགྲོ་བ་ཐམས་ཅད་ཡང་དག་པའི་ལམ་ལ་བཀོད་དེ། ས་རྟ་ཧོར་ཟླ་དང་པོའི་ནང་སྡེ་དགེ་ལྷུན་གྲུབ་སྟེང་དུ་ཕེབས། དེར་ཡང་དོན་གཉེར་རྣམས་ལ་ཟབ་ཆོས་སྩོལ་བ་དང༌། ལྷ་སྲས་རིན་པོ་ཆེའི་སྐུའི་རྐྱེན་སེལ་སོགས་སྒྲུབ་པར་མཛད་ནས། དེ་ལོ་ཧོར་ཟླ་ལྔ་པའི་ནང་ལྷུན་གྲུབ་སྟེང་ནས་ཆིབས་བཏེག །ཐོག་མར་སྨད་ཤོད་གཏིང་ལྷུང་ཆུ་ཚན་དུ་བྱོན། དེར་ཞག་ཁ་ཤས་བཞུགས་པའི་སྐབས་ཤིག་ཆུ་ཚན་གྱི་སྟེང་དེར་གྲྭ་ཚང་རྣམས་ཀྱིས་གཡབ་ཞིག་ཕུབ་པར་ཕྱོགས་གཅིག་ན་ཕུར་པ་གདབ་ས་མ་མཆིས་པས། རྗེ་འདིས་ཕུར་པ་ངེད་ཀྱིས་བཏབ་ཆོག་གསུངས་ནས། སྲ་མཁྲེགས་ཀྱི་བྲག་ལ་ཤིང་གི་ཕུར་པ་ཐོགས་མེད་དུ་བཏབ་པ་ཐམས་ཅད་ཀྱི་མིག་གིས་མཐོང་དུ་ཡོད་པ་མངོན་སུམ་ཚད་མས་གྲུབ་ཅིང༌། ཕྱིས་ཐམས་ཅད་ཀྱིས་དད་པའི་རྟེན་དུ་ཁྱེར་བ་སོགས་ལ་བརྟེན་ནས། གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་སྙན་གྲགས་ཀྱིས་ཕྱོགས་ཐམས་ཅད་དུ་ཁྱབ། དེ་ནས་རིམ་གྱིས་ཁྲོམ་ཐར། སྡེ་གཞུང༌། གཡོན་རུ་རྣམས་སུ་བྱོན། དགེ་བསྙེན་དང༌། དགེ་ཚུལ་གྱི་སྡོམ་པ་རབ་ཏུ་མང་