R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༡༦
[A:༡༡༦]ནས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་བསྙུན་ཟུག་དང༌། གྲང་ངར་ཇི་ཙམ་ཆེའང་ཞལ་འདོན་དང༌། ཐུགས་དམ་གྱི་རིགས་རྣམས་ལ་སྔར་ལས་ཀྱང་བརྩོན་པར་མཛད་པས་རིམ་གྱིས་བསྙུན་གཞི་ལས་གྲོལ་བ་དང༌། ཁུ་འཕངས་ཀྱི་རྒྱུན་ཡང་ཆད་པར་གྱུར་པ་ན་ཆིབས་ཀྱི་ཁ་ལོ་བསྒྱུར། མཛོད་པ་ཡོན་ཏན་རྒྱ་མཚོ་པའང་རླུང་འབམ་ལྟ་བུའི་ནད་ཀྱིས་མནར་ཏེ་མཐར་དུས་ཀྱི་ཆོས་ཉིད་དུ་གྱུར། དེའི་ཚབ་ཏུ་འབའ་དབོན་ཀུན་དགའ་ཡེ་ཤེས་པ་བསྐོས་ཏེ་རིམ་གྱིས་བྱོན། དེ་ནས་སྡེ་དགེ་ཆོས་རྒྱལ་མཆོག་གི་སྔ་ཕྱིར་ཆིབས་བསུའི་ཚོགས་རྒྱ་ཆེ་བ་དང༌། དགོན་པའི་སེར་ཕྲེང་གི་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་ས་སྦྲུལ་ཧོར་ཟླ་དང་པོའི་ཚེས་བརྒྱད་ཉིན་དཔལ་ལྡན་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་པོར་ཕེབས་སོ། །དེ་ནས་ཆོས་རྒྱལ་ཆེན་པོ་འཁོར་དང་བཅས་པ་རྣམས་ནས་དབུ་ཐོན་ལ་སོགས་པའི་ལེགས་འབུལ་རྒྱ་ཆེ་བ་དང༌། ཕར་ཡང་ལ་རོང་སོགས་གང་དགོས་རྣམས་སྩལ། ཁྱད་པར་ཆོས་རྒྱལ་ཆེན་པོ་ཚེ་དབང་རྡོ་རྗེ་རིག་འཛིན་པས་གསུང་ངག་རིན་པོ་ཆེ་ལ་སོགས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པ་བཞིན་ཞལ་གྱིས་བཞེས་ཏེ། ཟང་ཟིང་མེད་པའི་བྱམས་པ་དང༌། འཁོར་བ་ལས་སྒྲོལ་འདོད་ཀྱི་སྙིང་རྗེ་ཆེན་པོའི་ལྡེ་མིག་གིས། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྒོ་འཕར་ཡངས་པོར་ཕྱེས་ཏེ། ཤིན་ཏུ་ཟབ་པ་གསུང་ངག་རིན་པོ་ཆེ་སློབ་བཤད་ཀྱི་སྨིན་གྲོལ་ཆ་ལག་ཡོངས་སུ་རྫོགས་པ་དང༌། དཔལ་ས་སྐྱ་པའི་གསེར་ཆོས་རྣམས་དང༌། ཆོས་སྐྱོང་ཆེ་ཆུང་ལ་སོགས་པའི་དབང༌། རྗེས་གནང་ཁྲིད་ལུང་ལ་སོགས་པ་དང༌། གཞན་ཡང་སྒྲུབ་ཐབས་བརྒྱ་རྒྱམ་དང༌། སྦྱོང་དཀྱིལ་བཅུ་གཉིས་སོགས་མདོར་ན་རྗེ་རང་གིས་གསན་པའི་ཆོས་ཕལ་ཆེ་བ་སྩལ་ཏེ། །དགུང་ལོ་ཞེ་བདུན་པའི་བར་གཙོ་བོར་དངུལ་མདའ་དགོན་ཆེན་རང་དུ་བཞུགས། འོན་ཀྱང་གོ་འཇོའི་ཕྱོགས་སུ་ལན་