R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༡༩
[A:༡༡༩]པོ་སྩལ་ཏེ་འགྲོ་བ་ཕལ་ཆེར་སངས་རྒྱས་ཀྱི་བསྟན་པའི་སྒོར་བཅུག་པ་དང༌། གཞན་རྣམས་ཀྱང་ཐར་པ་དང༌། ཐམས་ཅད་མཁྱེན་པའི་ལམ་ལ་གནས་པར་མཛད། དེ་སྐབས་ཤིག་ཏུ་འབྲོག་པ་ཞིག་གིས་གདན་འདྲེན་ཞུས་པར་བྱོན། དེ་ཉིན་ཁྲོམ་ཆུ་ཧ་ཅང་རྒྱས་ཆེས་པས་ཞབས་འབྲིང་པ་རྣམས་ཀྱིས་དོ་ནུབ་འདིར་བཞུགས་ན་ལེགས་ཚུལ་ཞུས་པར། ཅིའང་མི་གནོད་པའི་ཚུལ་གསུངས་ནས་དེར་མ་བཞུགས་པར་ཕེབས། ཁྲོམ་ཆུ་ཤིན་ཏུ་རྒྱས་པས་ཞབས་འབྲིང་པ་རྣམས་ཅི་བྱ་གཏོལ་མེད་དུ་གྱུར་པ་ན། རྗེ་འདིས་དེ་ཙམ་འཇིགས་མི་དགོས་གསུངས་པ་དང༌། ཁྲོམ་ཆུ་གྱེན་ལ་བཟློག་སྟེ། དེའི་ཤུལ་དུ་ལམ་སྐྱ་ཐལ་ལེ་བ་ཞིག་བྱུང་བའི་སྟེང་ནས་རྗེ་འདི་དཔོན་འཁོར་རྣམས་ཕེབས། ཕ་རོལ་ཏུ་བྱོན་གྲུབ་པ་ན་ཆུ་སྔར་བཞིན་དུ་བབས་པས། ཞབས་འབྲིང་བ་རྣམས་ཀྱིས་རྗེ་འདི་ལ་དུས་རྒྱུན་དུ་ཡོན་ཏན་སྦས་པའི་ངང་ཚུལ་ཁོ་ནས་འདི་འདྲ་གཏན་ནས་མི་མཛད་པ་ལ། ད་ལན་གྱི་གྲུབ་པའི་མཚན་མ་འདི་འདྲ་རྣལ་འབྱོར་གྱི་དབང་ཕྱུག་བི་ རཱུ་པ་དང་ཁྱད་པར་ཅིའང་མ་མཆིས་པའི་ཚུལ་ཞུས་པས། ང་ལ་དེ་འདྲ་བའི་ནུས་པ་ཅིའང་མེད། ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་ཕྲིན་ལས་འདྲ་བསྒྲུབས་པ་ཡིན་མོད། འདི་འདྲ་བྱུང་ཚུལ་སུ་ལའང་མ་ཟེར་གསུངས་ནས་བཀའ་རྒྱ་དམ་པོ་བཏབ་པར་མཛད་ཅེས་སྐྱེ་བོ་རེ་གཉིས་ཀྱི་ངག་ལས་ཀྱང་ཐོས་ཤིང༌། ཕྱོགས་དེའི་གདུལ་བྱ་དད་པ་ཡང་དག་པ་དང་ལྡན་པ་རྣམས་ལ་ནི་ད་ལྟའང་གཏམ་དུ་གྲགས་པར་སྣང་ལ། གཞན་ཡང་ཁྲོམ་ཐར་དུ་ཕ་ཝོང་ཞིག་ལ་རྟེན་ཐུག་བཙུགས་པའི་རྗེས་དེང་སང་ཡང་ཐམས་ཅད་ཀྱིས་མཇལ་རྒྱུ་ཡོད་ཅེས་ཟེར། གང་ལྟར་ཡང་དེ་ལོ་ཧོར་ཟླ་བདུན་པའི་ནང་ཆོས་རྒྱལ་ཆེན་པོ་དབོན་འཁོར་རྣམས་ཀྱང་བོད་ནས་མར་དབུ་ཐོན་གང་ལེགས་ཀྱིས་