R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༢༡
[A:༡༢༡]རྒྱལ་རིན་པོ་ཆེ་དབྱར་གཟིགས་སུ་ཕེབས་པའི་སྐུའི་རྐྱེན་སེལ་སྒྲུབ་པར་བྱོན་ཏེ། ཧོར་ཟླ་དགུ་པའི་ནང་མཆོད་ཡོན་ལྷན་རྒྱས་པར་དཔལ་ལྡན་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཏུ་ཕེབས་སོ། །དེ་རྣམས་ཀྱི་གནས་སྐབས་ཀུན་ཏུའང་ཆོས་དང་འཇིག་རྟེན་གཉིས་ཀའི་སྒོ་ནས་ས་ལུགས་ཀྱི་དགོན་སྡེ་ཐམས་ཅད་ལ་མགོ་འདོན་དཔྱིས་ཕྱིན་པར་མཛད་པ་དང༌། གཞན་ཡང་གདུལ་བྱ་སོ་སོའི་མོས་པའི་བྱེ་བྲག་གི་རྫིང་བུ་དང་མཐུན་པར། ཐེག་པ་གསུམ་གྱི་ཆོས་ཀྱི་ཟླ་སྣང་རྒྱུན་ཆད་མེད་པར་སྤྲོས་ཏེ། སྐལ་བ་དང་ལྡན་པ་རྣམས་ཀྱི་རྣམ་པར་གྲོལ་བའི་ཀུ་མུ་དཱ་ཆེས་ཆེར་རྒྱས་པར་མཛད་པ་སོགས་མདོར་ན་བོད་ཆེན་པོའི་ལྗོངས་སུ་ཐུབ་པའི་བསྟན་པ་སྤྱི་དང་བྱེ་བྲག་ཐམས་ཅད་དབྱར་གྱི་ལྗོན་ཤིང་བཞིན་ཤིན་ཏུ་རྒྱས་པར་མཛད་པ་ཡིན་ནོ། །རང་གི་དོན་དུ་ལེགས་བྲིས་ཀྱི། །བདེ་བའང་དུག་ལྟར་རབ་གཟིགས་ཤིང༌། །གཞན་ཕྱིར་དཀའ་བ་བརྒྱ་ཕྲག་ཀྱང༌། །བདུད་རྩི་བཞིན་དུ་དང་དུ་བླངས། །རྒྱུའོ་དྲི་བཟང་ཁང་པ་ན། །ཡིད་འོང་སྦྲང་རྩིའི་བུ་རྣམས་ཏེ། །མཐའ་ཀླས་གདུལ་བྱའི་དོན་དུ་ཡང༌། །འཇིག་རྟེན་ཀུན་གྱི་མགོན་དེའོ། །ཨེ་མ་ཆོས་ཀྱི་སྒྲོན་མེ་ཡིས། །ཐར་པའི་ལམ་བཟང་གསལ་བྱས་ཏེ། །འགྲོ་ཀུན་སངས་རྒྱས་སར་འཁྲིད་པར། །ཁྱོད་དང་རྒྱལ་ལ་ཁྱད་པར་ཅི། །ཕ་མཐའ་དང་བྲལ་ཐམས་ཅད་ལ། །རྟག་པར་ཕན་པ་མཛད་པ་གང༌། །མནྡཱ་ར་དང་ཟླ་བས་ཀྱང༌། །ཆ་ཤས་ཙམ་ཡང་འགྲན་པར་དཀའ། །སྒྲིབ་གཉིས་སྤྲིན་གྱིས་བསྒྲིབས་མིན་པའི། །ཡེ་ཤེས་མེ་ལྕེས་བདེན་ཞེན་བསྲེགས། །དུས་གསུམ་ཀུན་ཏུ་བདུད་དཔུང་བཏུལ། །འགྲོ་ཚོགས་མོས་ངོར་ཆོས་འཁོར་བསྐོར། །སྲ་མཁྲེགས་བྲག་གི་ངོས་ཡངས་བོར། །རྫས་ཀྱི་ཕུར་པ་རབ་བཏབ་པས། །དཔུང་དང་བཅས་པའི་ཡིད་སྲུབས་ཀྱི། །སྙིང་ལ་འཆི་བའི་འཇིགས་པ་བྱིན། །རྦ་རླབས་