[A:༡༢༢]གནམ་དུ་འཕྱོ་བ་ཡི། །ཆུ་བོ་གྱེན་དུ་རབ་བཟློག་པས། །རྣལ་འབྱོར་དབང་ཕྱུག་བིརྺ་པར། །འགྲན་པའི་སྤུན་ཟླ་གཉིས་པར་བྱས། །དེ་ལྟའི་གྲགས་སྙན་གུར་གུམ་གྱིས། །ཕྱོགས་དང་ཕྱོགས་བྲལ་ལུས་ཕྲ་མའི། །བཞིན་གྱི་དཀྱིལ་འཁོར་མཛེས་པའི་ངོས། །བྲིས་པའི་རི་མོ་བསུབ་ཏུ་མེད།། །།སྤྱི་དོན་བཞི་པ་མཁས་བཙུན་བཟང་གསུམ་སོགས་ཀྱི་ཡོན་ཏན་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། དངོས་དང༌། ཞར་བྱུང་ཕྲིན་ལས་ཀྱི་རྒྱུན་སྐྱོང་བའི་ཞལ་སློབ་ཇི་ལྟར་བྱུང་བའི་ཚུལ་ལོ། །དང་པོ་ནི། ཆོས་ཀྱི་རྗེ་འདིས་གོང་དུ་བཤད་པ་ལྟར་གྱི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། དེར་མི་གསལ་བར་འགའ་ཞིག་དང་བཅས་ཏེ། མདོར་ན་ཡོངས་འཛིན་དམ་པ་བཅུ་ཕྲག་ལྔ་ལྷག་ཙམ་ལས་ཕྱི་རིག་པའི་གནས་དང༌། ནང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སོགས་པའི་ཆོས་ཀྱི་བདུད་རྩི་ངོམས་པ་མེད་པར་གསོལ་ཏེ། དེ་དག་ཀྱང་ཐོས་ལོ་དང་ཤེས་ལོ་ཙམ་དུ་མ་བཞག་པར། བསམ་བྱུང་གི་རིག་པས་སྒྲོ་འདོགས་ཐམས་ཅད་ཡང་དང་ཡང་དུ་བཅད་ཅིང༌། སྒོམ་པས་ཐུགས་ཉམས་སུ་བཞེས་པ་ལ་བརྟེན་ནས། ཚིག་དང་དོན་གྱི་ཆ་མ་ལུས་པ་ཐུགས་སུ་ཆུད་པའི་མཁས་པ་ཆེན་པོར་གྱུར་ཅིང༌། དེ་ལ་བརྟེན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ཡང༌། གོང་དུ་སྨོས་པ་ལྟར་དཔལ་ཨེ་ཝྃ་ཆོས་ལྡན་གྱི་མཁན་ཚབ་མཛད་པའི་ཚེ་གསུང་ངག་རིན་པོ་ཆེ་ཚོགས་བཤད་ཚར་གཅིག །གདན་ས་སྐྱོང་བའི་ཚེ་ཚར་གསུམ། སྐུའི་དབོན་དུ་གྱུར་པའི་ཐུགས་སྲས་དམ་པ་གཉིས་ལ་ཚར་གཅིག་སྟེ་ཚོགས་བཤད་ཚར་ལྔ་དང༌། སློབ་བཤད་ནི་དབོན་རིན་པོ་ཆེ་རྣམ་པ་གཉིས་སུ་ཚར་གཅིག་དང༌། སྡེ་དགེ་ཆོས་རྒྱལ་མཆོག་གིས་སྔ་ཕྱིར་གསོལ་བ་བཏབ་པའི་ངོར་ཚར་གཉིས་ཏེ། མདོར་ན་ལམ་འབྲས་ཚོགས་སློབ་ཚར་བརྒྱད་ཀྱི་གཙོས་པའི་རྗེ་རང་གིས་གསན་པའི་