R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༢༧
[A:༡༢༧] ཕུར། ཞལ། དུར་བདག །ལས་མགོན། སྟག་ཞོན། དམར་ཟོར། བེཀྩེ། ཕྱོགས་སྐྱོང༌། ལས་གཤིན། མཁའ་འགྲོ་སྤྱི་སྟེ་དེ་རྣམས་ལ་གཏོར་འབུལ་གྱི་ཆོ་ག་ཤིན་ཏུ་རྒྱས་པ་དང་བཅས་པ་མ་ཆགས་པར་མཛད་དེ། མདོར་ན་ཆོས་འཆད་སྤེལ་གྱི་སྐབས་ཙམ་མ་གཏོགས་ཐུགས་དམ་ཁོ་ན་ལ་རྩེ་གཅིག་ཏུ་མཛད་པའི་སྟོབས་ཀྱིས་མཆོག་དང་ཐུན་མོང་གི་དངོས་གྲུབ་བསམ་གྱིས་མི་ཁྱབ་པ་ཞིག་ལ་མངའ་བརྙེས་པར་གདོན་མི་ཟ་སྟེ། སྐབས་ཤིག་རྗེ་རང་གི་ཞལ་ནས། ཨོ་རྒྱན་རིན་པོ་ཆེ་འདི་དུས་རྒྱུན་དུ་ངེད་རང་གི་མཐོང་སྣང་ལ་འབྲལ་བ་མེད་པ་ཞིག་ཡིན་པས། བྲིས་ཐང་ཞིག་བཞེངས་དགོས་གསུངས་ཏེ། དེ་ལྟར་བཞེངས་པའི་རས་བྲིས་དེ་ད་ལྟ་ཐར་རྩེ་རང་དུ་བཞུགས། དེས་མཚོན་ཡི་དམ་གྱི་ལྷ་མང་པོ་ཞིག་གིས་ཞལ་གཟིགས་ཤིང༌། བྱིན་གྱིས་བརླབས་པར་མངོན་མོད། སྐུ་ཟིལ་ཆེ་བས་སུས་ཀྱང་བཀའ་འདྲི་ཞུ་མི་ནུས་ཤིང༌། རྒྱུན་པར་གསུང་སྒྲོས་ནི་ཆེར་མི་མཛད་པས་ཤེས་པར་ག་ལ་ནུས། ལམ་འབྲས་སོགས་ལས། འདས་ལམ་ས་དང་པོ་ནས་དྲུག་པའི་བར་ལ་བུམ་དབང་གི་ལམ་བསྐྱེད་རིམ་མཐར་ཕྱིན་ཏེ། དེ་ཙམ་ན་ལྷ་དང་གཞལ་ཡས་ཁང་ལས་ལོགས་ན་གཞན་པའི་སྣོད་བཅུད་མེད་ཅིང༌། འཁོར་འདས་ཐམས་ཅད་རང་སེམས་གཉིས་སུ་མེད་པའི་ཡེ་ཤེས་དང་དབྱེར་མེད་དུ་རྟོགས་ཏེ། དེ་ལས་གཞན་པའི་དངོས་པོ་མི་སྣང་བས་རྩིག་པ་དང་རི་ལ་ཐོགས་པ་མེད། སྣང་བ་ལ་དབང་ཐོབ་པས་སྟོང་གསུམ་ཡུངས་འབྲུར་ཆུད་པ་ལ་ཆེ་ཆུང་མེད། བྱང་སེམས་གྱེན་ལ་ལོག་པས་ཆུ་བོ་གྱེན་ལ་ལྡོག །ཐིག་ལེ་དཀར་དམར་འཆིང་ནུས་པས་ཉི་ཟླ་གཏེང་བར་འཛིན། སེམས་ལ་དབང་ཐོབ་པས་གཅིག་ལས་མང་པོར་བྱེད་ཅིང་མང་པོ་ལས་གཅིག་ཏུ་བྱེད་ནུས་པར་བཤད་པ་ལྟར། བུམ་དབང་གི་ལམ་