[A:༡༢༦]དྲག་པོ་བཅད་པ་ལ་སོགས་པའི་ཚེའང་ཞུ་ངོ་སོགས་གང་ཅིར་རང་དོན་ལས་ལྷག་ཙམ་རེ་མཛད་པ་དང༌། རྒྱུན་དུའང་སྐུ་ཟིལ་ཆེ་བ་ཙམ་ལས། བཀའ་བཀྱོན་སོགས་ཚིག་གཅིག་ཀྱང་གསུང་བ་མ་ཐོས་ཞེས་ཞབས་འབྲིང་པ་ཐམས་ཅད་ཀྱི་ངག་ལས་འབྱུང་ཞིང༌། མདོར་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་རྣམས་ནས་བཤད་པའི་ཉེས་བྱས་ཕྲ་ཞིང་ཕྲ་བས་ཀྱང་མ་གོས་པ་ཡིན་ནོ། །ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་བྱེད་ཀྱི་དབང་བསྐུར་བ་ནོས་པ་ནས་བརྩམས་ཏེ། མཉམ་རྗེས་བཟའ་བསྲུང་མི་འབྲལ་བའི་དམ་ཚིག་རྣམས་ལ་ནན་ཏན་དུ་མཛད་པའི་སྟོབས་ཀྱིས་ཉེས་ལྟུང་གི་དྲི་མ་ཕྲ་མོས་ཀྱང་ནམ་ཡང་རེག་པར་མི་འགྱུར་ཞིང༌། དེའི་ངང་ནས་ཐུགས་དམ་གྱི་རིམ་པའང་གཙོ་བོར་མཉམ་རྗེས་མེད་པར་སྤྲོས་མེད་ཀྱི་རྣལ་འབྱོར་ལྟ་བ་འཁོར་འདས་དབྱེར་མེད་ཁོ་ན་ལ་མཛད་ཅིང༌། སྤྲོས་བཅས་ཀྱི་རྣལ་འབྱོར་ཡང་དུས་རྒྱུན་པར་ཉིན་ཞག་ཕྲུགས་རེ་ལ། ལམ་ཟབ་མོ་བླ་མའི་རྣལ་འབྱོར། དཔལ་ཀྱེ་རྡོ་རྗེའི་ཕྱི་ནང་སྦྲགས་མའི་མངོན་རྟོགས་ལམ་དུས་ཀྱི་དབང་རྒྱས་པར་བླང་བ་དང་བཅས་པ་ཐུན་གཉིས་སུ་མཛད་པའི་ཐུན་རེ་ལ་རྩ་སྔགས་བརྒྱ་སྐོར་ལས་མི་ཉུང་བ་དང༌། རྣལ་འབྱོར་དབང་ཕྱུག་གི་སྲུང་བ་ཐུན་མོང་བ། ནཱ་རོ་མཁའ་སྤྱོད་མའི་ཉམས་ལེན་ཐུན་མོང་མ་ཡིན་པ་སྟེ་ས་སྐྱ་པའི་ཆག་མེད་བཞི་དང༌། འཇམ་དཀར། ཀུན་རིག །སྒྲོལ་དཀར། རྣམ་རྒྱལ་མ། ཚེ་དཔག་མེད་ལྷ་དགུ། ནོར་རྒྱུན་མ། མགོན་དཀར། འཇིགས་བྱེད། འབྱུང་འདུལ། བྲག་རྫོང་མ་རྣམས་ཀྱི་མངོན་རྟོགས་བཟླས་པ་དང་བཅས་པ། སྤྱན་རས་གཟིགས་ཀྱི་བདག་བསྐྱེད་སྔོན་དུ་འགྲོ་བའི་སྒོ་ནས་ཛམ་སེར་ནག་གི་ཆུ་སྦྱིན། གཏོར་མ་བརྒྱ་རྩ། དབྱུག་གུ་དྲུག་ཅུ་རྩ་བཞི། ཡི་དྭགས་ལ་ཆུ་སྦྱིན་དང་བཅས་པ། ཀྱེ་རྡོར། མཁའ་སྤྱོད། འཇིགས་བྱེད། འབྱུང་འདུལ། མགོན་དཀར། རིགས་བྱེད་མ།