R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༢༨
[A:༡༢༨]མཐར་ཕྱིན་པའི་རྟགས་སུ། གོང་དུ་སྨོས་པ་བཞིན་དུ་ཆུ་བོ་གྱེན་ལ་བཟློག་པ་དང༌། བྲག་ལ་ཕུར་པ་བཏབ་པ་སོགས་སྐལ་བ་དང་ལྡན་པ་རྣམས་ཀྱི་ངོར་སྣང་བའི་གྲུབ་པའི་མཚན་མ་དེ་དག་ནི་འཕགས་ཡུལ་གྱི་གྲུབ་པའི་སློབ་དཔོན་རྣམས་དང་ཁྱད་པར་ཅིའང་མ་མཆིས། དུས་རྒྱུན་དུ་གཞན་དག་གིས་བརྟག་པ་ཞུས་པ་དང༌། སྐབས་འགར་ཐོལ་བྱུང་ལྟ་བུར་གསུང་སྒྲོས་ཚིག་རེ་གཉིས་གསུངས་པ་རྣམས་ནི་རྗེས་སོར་དེ་ཁོ་ན་ལྟར་ལས་འཕོ་འགྱུར་ཅུང་ཟད་ཀྱང་མི་འབྱུང༌། དེ་ཙམ་ལས་དུས་རྒྱུན་མངོན་ཤེས་ཀྱི་གསུང་སྒྲོས་ལྟ་བུ་ཚིག་གཅིག་ཀྱང་མི་མཛད་པ་ལ་རྗེས་སོར་ཞིང་ལ་ཕེབས་ཉེ་བའི་སྐབས། འབའ་དབོན་ཀུན་དགའ་ཡེ་ཤེས་པ་ལ། ངེད་ཚེ་སྔ་མ་རྣམས་སུ་ངོར་གྱི་བླ་མ་གཉིས་ཙམ་གྱི་སྐྱེ་བ་བླངས། བྱང་ཆུབ་གླིང་དུ་དྭགས་པོ་བཀའ་བརྒྱུད་པའི་རིང་ལུགས་འཛིན་པའི་བླ་མ་ཞིག་ཏུ་སྐྱེས། རྡོར་བྲག་ཏུའང་གསང་སྔགས་སྔ་འགྱུར་བའི་རིང་ལུགས་འཛིན་པའི་བླ་མ་ཞིག་ཏུ་སྐྱེས་འདུག་ཅེས་གསུངས་སྣང་བས་འདས་མ་འོངས་ད་ལྟ་སྟེ་དུས་གསུམ་ཐམས་ཅད་མཁྱེན་པའི་མངོན་ཤེས་ཐོགས་མེད་དུ་མངའ་བ་གོར་མ་ཆག །ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་ཀྱང་ཇི་ལྟར་བཞེད་པའི་དོན་མཐའ་དག་འབད་མེད་དུ་སྒྲུབ་པར་མངོན་ཏེ། ཁྲོམ་ཐར་དུ་ཕེབས་སྐབས་སྦྱིན་བདག་འབྲོག་པ་ཞིག་གི་དུད་འགྲོ་ཐམས་ཅད་དགྲས་དེད་སོང་བར། རྗེ་འདི་ལ་སྐྱབས་འཇུག་ཞུས་ཏེ་འབྲོག་པ་དེ་ར་མདའ་ལ་སོང༌། དེ་ཉིན་ཞབས་འབྲིང་པ་རྣམས་ཀྱིས་ད་ལན་རིན་པོ་ཆེ་ནས་རྟགས་ཐོན་པ་ཞིག་ཅིས་ཀྱང་མཛད་དགོས་ཚུལ་ཞུས་པས། རྗེའི་ཞལ་ནས། ཕན་ཚུན་གཉིས་ཀའི་མི་རྟ་སུ་ལའང་སྐྱོན་མེད་པའི་ཁར། དུད་འགྲོ་རྣམས་ཚུར་ལོན་པ་ཞིག་བྱུང་ན་དེས་ཆོག་པར་འདུག་གསུངས་ཤིང༌། དེ་ཉིད་ཆོས་སྲུང་རྣམས་ལ་སྐོང་བ་ཞིག་