[A:༡༣༥]སོ་སོའི་མོས་པ་དང་བསྟུན་པའི་ཆོས་ཀྱི་བདུད་རྩིའང་ཅི་རིགས་པར་སྩལ། དེ་ནས་དབོན་པོ་སྟོད་དུ་ཕེབས་ཏེ། དེར་ཞག་ཤས་བཞུགས་པའི་སྐབས། བད་ཀན་སྐྱ་རྦབ་ལྟ་བུའི་བསྙུན་གཞི་ཚབས་ཆེན་ཞིག་གིས་སྐུ་བསྙེལ་བར་བརྟེན། དེ་ཕྱོགས་ཀྱི་སྐྱེ་བོ་དད་པ་ཅན་རྣམས་ཀྱིས་ཀྱང་ཡུན་རིང་མི་བཞུགས་པར་སེམས་ཏེ་ཞལ་མཇལ་བ་དང༌། སྨོན་ལམ་འདེབས་པ་སོགས་བྱེད་ཅིང༌། རྗེ་འདིས་ཀྱང་དེ་དག་སོ་སོར་གང་ལ་གང་དགོས་ཀྱི་ཞལ་ཏ་དཔྱིས་ཕྱིན་པར་སྩལ། དེ་སྐབས་རྗེ་འདིས། ད་ནད་འདི་ཅུང་ཟད་གཅིག་ཡར་དྲག་ཏུ་སོང་ན་ལྷུན་གྲུབ་སྟེང་གི་ཆོས་གྲྭར་འགྲོ་བ་ཡིན་གསུང་ཞིང༌། སླར་ཞག་ཉི་ཤུ་སྐོར་ནས་བསྙུན་གཞི་རིམ་དྭངས་སུ་གྱུར། དོན་འདི་ལ་དགོངས་ནས་ཆོས་རྒྱལ་མཆོག་གིས་མཛད་པའི་གསོལ་འདེབས་ལས་ཀྱང༌། ལེ་ལོ་ཅན་རྣམས་རྟག་འཛིན་བཟློག་པའི་ཕྱིར། །བསྙུན་ཚུལ་སྟོན་ཀྱང་གདུལ་བྱའི་རེ་བསྐང་སླད། །རེ་ཞིག་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས། །མངའ་བརྙེས་ཟླ་བྲལ་དམ་པ་གང་དེར་འདུད། །ཅེས་གསུངས་པ་ཡིན། དེ་ནས་དབོན་སྟོད་དུ་ལྷ་གསང་རྒྱས་པ་ཞིག་གསུངས་པའི་རྗེས་སུ་ངོར་ཆེན་གྱིས་མཛད་པའི་སྨོན་ལམ་འགྲོ་ལ་བདེ་སྐྱིད་མ་གསུངས་གདངས་ཤིན་ཏུ་རིང་བ་དང་བཅས་ཏེ་ཚར་ཁ་ཤས་གསུངས་པས། ཐམས་ཅད་ཀྱིས་དུས་རྒྱུན་འགྲོ་བདེ་མ་ཚར་རེ་ལས་མི་གསུང་བ་ལ། ད་ལན་གདངས་དང་བཅས་ཏེ་ཚར་གྲངས་གསུང་བ་འདི་ཅི་ཡིན་ཞེས་ཀུན་ཐེ་ཚོམ་པར་གྱུར། དེ་ནས་ཧོར་ཟླ་བཅུ་གཉིས་པའི་ནང་དཔལ་ལྡན་ལྷུན་གྲུབ་སྟེང་གི་ཕན་གླིང་བླ་བྲང་དུ་ཕེབས། ད་འདིར་སླེབ་ཙམ་བྱུང་བས་བློ་བདེ་གསུངས། ཞག་ཤས་ཞིག་ནས་སྐུ་ཁམས་ཇེ་ཉོག་ཏུ་སོང་བར། དབོན་རིན་པོ་ཆེ་རྣལ་འབྱོར་འཇམ་དཔལ་བཟང་པོ་དང༌། ཕྱག་མཛོད་འབའ་དབོན་པོ་བཅས་ནས་ཞབས་བརྟན་རིམ་གྲོ་ཞིག་བསྒྲུབ་པར་ཞུས་ཀྱང༌། སྐུ་རིམ་འདྲ་