R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༣༤
[A:༡༣༤]འགྲོ་བ་ཐམས་ཅད་འཁོར་བའི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་བའི་འདྲེན་པ་དམ་པར་མངའ་གསོལ། འགའ་ཞིག་ནི་རང་དོན་མཐར་ཕྱིན་ཏེ་མ་འོངས་པ་ན་འགྲོ་བ་རྣམས་འདྲེན་པའི་ནུས་པ་དང་ལྡན་པར་མཛད། མདོར་ན་སྐུ་མཐོང་བ་དང༌། གསུང་ཐོས་པ་དང༌། མཚན་ཙམ་ཡིད་ལ་བྱེད་པ་ཚུན་ཆད་ཀྱང་ཕན་པ་དང་བདེ་བའི་ལམ་ལ་བཀོད་པ་སོགས་སྐུ་དངོས་ཀྱིས་འདུལ་བར་འོས་པའི་གདུལ་བྱ་ཐམས་ཅད་ནི་ལེགས་པར་བཏུལ། ད་ནི་གདུལ་བྱ་འདི་བས་ཞིང་ཁམས་གཞན་དུ་རྒྱ་ཆེ་བར་དགོངས་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པར་བཞེད་དེ། དེའང་སྔར་དགུང་ལོ་ལྔ་བཅུ་ང་གཉིས་སུ་ཕེབས་པ་མེ་བྱི་ལོའི་སྐབས་ཤིག་ཉིན་གུང་གུང་ཚིགས་རྣམས་བཞེས་གྲུབ་འཕྲལ། ཅུང་ཟད་མནལ་དུ་སོང་བའི་མནལ་ལམ་དུ། འབྲུག་ལྟ་བུའི་སེམས་ཅན་འཇིགས་སུ་རུང་བ་ཞིག་གི་མགོ་ཞིག་བྱུང་ནས། ངེད་ཀྱི་མགོ་འདི་བྱང་གི་ཕྱོགས་སུ་ཁྱེར་འགྲོ་བའི་སྣང་བ་ཞིག་བྱུང་བས། སླར་ལྕགས་འབྲུག་ལོར་ངེད་རང་གི་ཚེ་ལ་བར་ཆད་འོང་ཉེན་ཡོད་ཅེས་ཞབས་འབྲིང་བ་ཐམས་ཅད་ལ་གསུངས་པ་དང༌། དེ་རྗེས་དགུང་ལོ་ང་བཞི་པ་ས་སྟག་ལོར་བྲག་ལ་ཕུར་པ་བཏབ་པ་སོགས་མཛད་པས། ཆོས་རྒྱལ་ཆེན་པོས་དབུས་སྐྱེས་བུ་བློ་གྲོས་དང་ལྡན་པ་རྣམས་ཀྱིས། རྗེ་འདིས་དུས་རྒྱུན་དུ་ཡོན་ཏན་ཐམས་ཅད་བུམ་ནང་གི་མར་མེ་བཞིན་དུ་སྦས་ཏེ་སྒྲུབ་རྟགས་སྣ་རེའང་མི་སྟོན་པ་ལ། དེང་སང་གྲུབ་པའི་མཚན་མ་ཁྱད་པར་དུ་འཕགས་པ་འདི་ལྟ་བུ་འཇོག་པར་མཛད་པས། ད་ནི་མི་རིང་བར་གདུལ་བྱ་གཞན་དོན་ལ་གཤེགས་པའི་ལྟས་འདྲ་མིན་ནམ་ཞེས་གླེང་བར་བྱེད་ཅིང༌། ཕལ་ཆེར་ཐེ་ཚོམ་གྱི་དྲྭ་བར་ཆུད་པར་གྱུར། དེ་ནས་དགུང་གྲངས་ང་ལྔ་པ་ས་ཡོས་ཧོར་ཟླ་བཅུ་པའི་ནང་མཁར་གསུམ་མདོར་བྱོན། དེར་ཞག་བཅོ་ལྔ་ཙམ་བཞུགས་ནས་