R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༣༦
[A:༡༣༦]བསྒྲུབས་པས་ལོས་ཆོག་སྟེ། ཚེའི་འཕེན་པ་རྫོགས་ན་སྐུ་རིམ་གྱིས་ཀྱང་ཕན་པ་དཀའམ་གསུང་ཞིང༌། སྨན་དཔྱད་རིམ་གྲོ་གང་ལའང་ཐུགས་འདུན་ཆེར་མི་སྣང་མོད། དབོན་རིན་པོ་ཆེ་དང༌། ཕྱག་མཛོད་བཅས་ནས་ལྷུན་གྲུབ་སྟེང་གི་གཙུག་ལག་ཁང་དུ་དགོན་དེའི་དགེ་འདུན་གང་ཡོད་ཀྱིས་ཚེ་ཆོག་དང་སྐང་གསོ་སོགས་ཉིན་བཅུ་ཙམ་གསུངས་པར་ཡོན་འབུལ་སོགས་བསྙེན་བཀུར་གང་ཟབ་དང༌། སྒ་ལེན་སྟེང༌། སྨད་ཤོད་རྫོང་གསར་དགོན། མཁར་མདོ། ཡེ་ན། རབ་བརྟན། དབོན་སྟོད། ཀུ་སེ། སྤོ་ལུ། ཝ་ར་སོགས་རང་ལུགས་ཀྱི་དགོན་སྡེ་ཕལ་ཆེ་བར་མང་འགྱེད་དང༌། དཔལ་སྤུངས། རྫོགས་ཆེན། ཟེ་ཆེན། ཀཿཐོག །དཔལ་ཡུལ་སོགས་གྲུབ་མཐའ་རིས་མེད་ཀྱི་དགོན་ཁག་རྣམས་སུའང་ཞབས་བརྟན་སྒྲུབ་ཡོན་ཟབ་པ་དང༌། ཕན་གླིང་བླ་བྲང་རང་དུའང་དགེ་བཤེས་བཟང་གྲས་ཀྱིས་སྐུ་རིམ་སོགས་རྒྱ་ཆེ་བར་བསྒྲུབས་རུང༌། དྭངས་སྐྱེད་གཏན་ནས་མི་བཞེས་པར་འདུག །ཁྱད་པར་ཉིན་གཅིག་རྗེའི་ཞལ་ནས། མདང་གི་རྨི་ལམ་དུ། མར་མེ་གསལ་པོ་རང་མེད་པ་གཉིས་འདུག་པ་མི་ཞིག་གིས་བཀྲོངས་པའི་གྲབས་བྱེད་པ་རྨིས་པས། ད་རང་འཆི་བའི་དུས་ལ་བབ་པ་འདྲ་གསུངས། ཡང་ལན་གཅིག་མདང་ངེད་ཀྱི་རྨི་ལམ་དུ། བུད་མེད་ལྔ་ངེད་ལ་བསུ་བ་བྱེད་དུ་འོངས་བ་ཡིན་ཟེར་བ་ཞིག་བྱུང་བས། ད་རང་ཡུན་རིང་མི་སྡོད་པ་འདྲ་གསུངས། དེ་སྐབས་དབོན་རིན་པོ་ཆེ་རྣལ་འབྱོར་འཇམ་དཔལ་བཟང་པོ་དཔོན་འཁོར་རྣམས་ཐུགས་མྱ་ངན་མཛད་པ་ལ། རྗེའི་ཞལ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ན། གཞན་ལ་འབྱུང་བ་ལྟ་ཅི་སྨོས། དེ་ལ་མྱ་ངན་བྱས་པས་ཅི་ཕན་གསུང་ཞིང་ཐུགས་སུན་པའི་རྣམ་པ་ལྟ་བུ་མཛད་པར་སྣང་བས། གཟིགས་པའི་ཉེ་འཁོར་དུ་མྱ་ངན་བྱ་ག་ལ་ཕོད། དེ་མིན་དེ་