R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༣༧
[A:༡༣༧]དུས་ངེད་རྣམས་ཀྱི་སེམས་ལ་མྱ་ངན་བཟོད་བླག་མེད་པ་ཡོད། རྗེས་སོར་ཞིང་ལ་ཕེབས་དུས་ལྷག་ཏུ་མྱ་ངན་ཆེ་བར་རང་མེད་ཅེས་བདག་གི་བླ་མ་དབོན་རིན་པོ་ཆེའི་ཞལ་སྔ་ནས་གསུང་ཞིང༌། དེ་ནས་དགུང་གྲངས་ང་དྲུག་ཏུ་ཕེབས་པ་ལྕགས་འབྲུག་ཧོར་ཟླ་དང་པོའི་ཚེས་གཅིག་ཉིན་དབོན་རིན་པོ་ཆེ་སོགས་ནས། ད་ལན་རྗེ་འདི་སྐུ་ཁམས་བསྙེལ་ཚུལ་བཞེས་པར་བརྟེན་ལོ་གསར་སོགས་ཀྱི་སྤྲོས་པ་ཅིའང་མི་མཛད་པའི་ཐུགས་རྩིས་ལ། རྗེའི་ཞལ་ནས། ན་བ་ཀུན་གྱི་ལུགས་དང༌། ཤི་བ་ཀུན་གྱི་སྲོལ་ཡིན་པ་ལ། ལོ་གསར་མ་བྱས་པས་ཅི་ལ་ཕན། ད་ཁྱེད་རང་རྣམས་ཀྱང་ལོ་གསར་གྱིས། ངེད་ལའང་ལོ་གསར་གྱི་སྟོན་མོའི་སྐལ་བ་ཁུར་ཤོག་གསུངས་པ་བཞིན་མཛད། དེ་ནས་ལྷ་རྗེ་ཚེ་དབང་ལ་ཕྱག་རྩ་བསྟན་ཏེ་ཁྱེད་རང་གིས་ང་ཤི་ན་ཤི །གསོན་ན་གསོན་ཟེར་བའི་ཐག་ཆོད་གསུངས་པ་ལ། སྐུ་སྲོག་ལ་ཉེས་སྐྱོན་མི་འོང་བའི་ཚུལ་ཞུས་པས། ལྷ་རྗེ་འདིས་ཀྱང་ཇི་བཞིན་མི་ཤེས་པར་འདུག །ད་རང་ཚེ་སྲོག་ལ་ཉེས་སྐྱོན་མེད་པ་ཇི་འདྲ་ཡིན་ནམ། ད་སྡེ་དགེའི་ཐུགས་ལ་ཇི་འདྲ་དགོངས་འགྲོའམ་མ་གཏོགས་ཨི་སྦྲུག་ལྷ་རྗེ་ཚེ་དབང་དཔལ་འབྱོར་ལ་རྩ་ཞིག་བསྟན་ན་ལེགས་པ་འདྲ་གསུངས། གནས་ཚུལ་དེ་བཞིན་སྡེ་དགེས་ཀྱང་གསན་པས། ལན་གཅིག་ཆོས་རྒྱལ་ཆེན་པོ་བྱོན་ནས། ད་ཨི་སྦྲུག་ལྷ་རྗེ་ལ་ཕྱག་རྩ་ཞིག་སྟོན་རྒྱུ་མཛད་ན་ཞུས་པ་བཞིན། ཨི་སྦྲུག་ལྷ་རྗེ་ལ་བསྟན་པས། གདོང་མཆི་མས་གང་བཞིན་དུ། ད་ལན་རིན་པོ་ཆེ་ཞལ་བཞུགས་མི་ཐུབ་པ་འདྲ་ཞེས་ཟེར་ཞིང༌། ཁོ་རང་ནས་ཀྱང་སྨོན་ལམ་དང་གསོལ་བ་རྩེ་གཅིག་ཏུ་བཏབ། རྗེ་རང་ནི་ཐུགས་དགྱེས་པའི་ཉམས་ཀྱིས་ལྷ་རྗེ་འདིས་ཇི་ལྟ་བ་བཞིན་ཤེས་པར་འདུག །