R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༣༨
[A:༡༣༨]ད་ཚེའི་འདུ་བྱེད་དེ་ཙམ་གྱིས་རྫོགས་པ་འདྲ། གང་ལྟར་ཐག་ཆོད་པས་བློ་བདེ་གསུངས། དེ་སྐབས་ངོར་གྱི་ལམ་འབྲས་ལྷ་ཁང་དུ་བཞུགས་པའི་ངོར་ཆེན་གྱི་འདྲ་སྐུས་སྤྱན་ཆབ་བསིལ་བ་དང༌། གཟིམ་ཆུང་ནུབ་ཏུ་བཞུགས་པའི་ཆོས་སྐྱོང་གི་ཞལ་འབག་རྣམས་ཀྱི་དབུ་རྒྱུན་ཐོད་སྐམ་སོགས་དོན་མེད་དུ་ས་ལ་ལྷུང་བ་སོགས་མི་དགེ་བའི་མཚན་མ་མང་པོ་ཞིག་བྱུང་བ། རྗེ་འདི་ཞིང་ཁམས་གཞན་དུ་གཤེགས་པའི་ལྟས་ཡིན་པར་འདུག་ཅེས་བདག་གི་བླ་མ་བྱམས་པ་ཀུན་དགའ་བསྟན་འཛིན་གྱི་ཞལ་སྔ་ནས་གསུངས་ཤིང་གཞན་ཡང་ནམ་མཁའ་ཐམས་ཅད་འཇའ་སྤྲིན་གྱིས་གང་བ་དང༌། སྤྲིན་འགའ་ཞིག་ནི་མཆོད་པའི་ཡོ་བྱད་ཀྱི་གཟུགས་བརྙན་ཅན་དེ་འདྲ་དེ་སྐབས་ཀུན་ཏུ་བྱུང་བར་སྣང༌། དེ་ནས་སྡེ་དགེ་ཆོས་རྒྱལ་མཆོག་ཀྱང་རྗེ་འདིའི་སྤྱན་སྔར་ཕེབས་ཏེ་གུས་ཕྱག་མང་དུ་བཙལ། སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་ཐུགས་རྗེས་རྗེས་སུ་འཛིན་པར་གསོལ་བ་བཏབ། རྗེ་འདིས་ཀྱང་ཆོས་རྒྱལ་མཆོག་གི་དབུར་ཕྱག་བཞག་སྟེ། དེ་བཞིན་ཞལ་གྱིས་བཞེས། དད་པའི་རྟེན་དུ་རྗེ་རང་གི་ཚེམས་གཅིག་སྩལ། ཁྱད་པར་ཆོས་རྒྱལ་མཆོག་ནས་ཞིང་འདིའི་སྐྱེ་འགྲོ་ཡོངས་ཀྱི་མགོན་སྐྱབས་དཔུང་གཉེན་དམ་པར་མཆོག་སྤྲུལ་ཞིག་མ་བྱོན་པའི་ཐབས་མེད་པས། དེ་གང་དུ་འཁྲུངས་སོགས་ཞལ་གསལ་ཞིག་བཀའ་ཕེབས་དགོས་ཚུལ་ཞུས་ཀྱང༌། ང་ལ་སྐྱེ་བ་ཞིག་འོང་སྟེ། དེ་ལ་ངོས་འཛིན་སོགས་གང་ཡང་མི་དགོས། །སྤྱིར་ས་ངོར་ལ་སྤྲུལ་སྐུ་ངོས་འཛིན་བྱེད་པའི་སྲོལ་ཡང་མེད་གསུངས་པ་ཙམ་ལས་ཞལ་གསལ་ཞིག་མ་མཛད་པར་སྣང༌། གཞན་ཡང་དེ་ཕྱོགས་ཀྱི་ཞལ་སློབ་རྣམས་སོ་སོ་ནས་གསོལ་བ་འདེབས་པ་དང༌། སྨོན་ལམ་བཏབ་པ་སོགས་བྱེད་ཅིང༌། དེ་རྣམས་ལའང་ཞལ་ཏ་དཔྱིས་ཕྱིན་