[A:༡༣༩]པར་སྩལ། ཁྱད་པར་ཧོར་ཟླ་དང་པོའི་ཚེས་བཅུ་དགུའི་ཉིན་དབོན་རིན་པོ་ཆེ་རྣལ་འབྱོར་འཇམ་དཔལ་བཟང་པོ་ལ། རྗེ་རང་གི་དམ་ཚིག་རྡོར་དྲིལ་དེ་གནང་ནས། འདི་ངེད་རང་གིས་དེ་སྔ་ཕན་ལ་འབྲལ་སྤངས་ཀྱི་དམ་ཚིག་རྡོར་དྲིལ་ཡིན་ཀྱང༌། ད་ཁྱེད་རང་གིས་དམ་ཚིག་རྡོར་དྲིལ་གྱིས་གསུངས། གཞན་ཡང་རྗེ་རང་གི་ཕྱག་ཕྲེང་དང༌། སྐུ་སྲུང་རྭ་ལོའི་མགུལ་ཕུར་དུ་གྲགས་པ་དེ་དང༌། རྟེན་སྒམ་བཅས་གནང་ནས། སྤྱིར་ཁྱེད་རང་སྤུན་རྣམས་ཀྱི་ཚེ་ལ་ཐར་རྩེ་ཡང་དར་ཞིང་རྒྱས་པར་འབྱུང་བར་འདུག །སྒོས་ཁྱེད་རང་ཡང་འདི་ནས་ཡར་སོང་ནས་ལོ་ཁ་ཤས་ཞིག་ནས་ངོར་གྱི་མཁན་པོ་ཞིག་བྱེད་དགོས་པར་འདུག །དེ་ནས་ཁམས་ཕྱོགས་འདིར་ཡང་ད་དུང་ལན་གཅིག་འོང་དགོས་པར་འདུག །དེ་ཐམས་ཅད་ལ་བར་ཆད་མེད་ཅིང་བསྟན་འགྲོར་ཕན་ཐོགས་པར་འོང་གསུངས་པ་སོགས་དང༌། ངེད་རང་གིས་དེ་སྔ་བསྙེན་པ་ཚད་ལྡན་རེ་སོང་ཁུལ་བྱས་པའི་ཡི་དམ་གྱི་ལྷ་ཀྱེ་རྡོར། འབྱུང་འདུལ། མཁའ་སྤྱོད་མ། འཇིགས་བྱེད། ཀུན་རིག །ཚེ་དཔག་མེད། སྒྲོལ་དཀར། རྣམ་རྒྱལ་མ། འཇམ་དཀར། མགོན་དཀར། གུར་མགོན། ནོར་རྒྱུན་མ་སྟེ་ལྷ་བཅུ་གཉིས་པོ་དེ་རབ་གསེར་སྐུ། འབྲིང་སྨན་འདམ་ལས་གྲུབ་པ། ཐ་མ་བྲིས་ཐང་རེ་ངེས་པར་བཞེངས་དགོས། གཞན་ང་ལ་འདྲ་སྐུ་དང་གདུང་རྟེན་སོགས་ཅིའང་བཞེངས་མི་དགོས། ང་ཡི་རུས་པ་རྣམས་ས་གཙང་ས་ཞིག་ཏུ་བསྐྱལ་བས་ཆོག་གསུངས་པ་སོགས་ཞལ་ཏ་མཐིལ་ཕྱིན་པར་གནང༌། དེའི་ཕྱི་ཉིན་ཚེས་ཉི་ཤུར་ཡང་ལྷག་ཏུ་སྐུ་ཁམས་ངན་དུ་སོང་བ་ནི་མ་མཆིས་ཤིང༌། ཐུགས་དམ་ཆག་མེད་ཀྱི་རིགས་རྣམས་ཀྱང་དུས་རྒྱུན་ལྟར་མཛད་སོང་བ་དང༌། དེ་ནས་སྲོད་ཀྱི་དུས་ལ་བབ་པ་ན། དབོན་རིན་པོ་ཆེ་སོགས་ཞལ་སློབ་ཉུང་ཤས་ཞིག་ཞབས་དྲུང་དུ་འཁོད་པ་ལ། ངེད་སྔ་ན་དོ་ནུབ་འཆི་བར་འདུག །འགྱངས་ན་ཞག་གསུམ་ཙམ་ནས་