R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༤༠
[A:༡༤༠]འཆི་བར་འདུག་གི་གསུངས་ཤིང༌། ཅུང་ཟད་ཙམ་ནས་རྟེན་གྱི་དྲུང་དུ་མར་མེ་ཞིག་སྦར་ཡོད་པ། དེ་མདུན་དུ་ཁྱེར་ཤོག་གསུངས་ཏེ། དེ་ལ་ཕྱག་མཛུབ་བསྟན་ཙམ་རེ་མཛད་དེ། དེ་མ་ཐག་རླུང་དང་བྱང་ཆུབ་ཀྱི་སེམས་ཐམས་ཅད་རྩ་དབུ་མའི་ལམ་དུ་བཅུག་སྟེ། རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ནས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང༌། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་གཉིས་ཟུང་དུ་འཇུག་པའི་འོད་གསལ་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་བཞག་པར་གྱུར་ཏོ། །དེའི་ཚེ་ནམ་མཁའ་ཤིན་ཏུ་དངས་པ་ལ། ཁ་དོག་སྣ་ཚོགས་པའི་འཇའི་རི་མོས་མཛེས་པར་འཁྱུད་པ་སོགས་ངོ་མཚར་བའི་ལྟས་ཀྱང་མང་དུ་བྱུང་བར་སྣང་ངོ༌། །དེ་ནས་ཞག་བརྒྱད་སོང་བ་ལྕགས་འབྲུག་ཧོར་ཟླ་དང་པོའི་ཚེས་ཉེར་བརྒྱད་ཀྱི་ནུབ་མོ་དབོན་རིན་པོ་ཆེ་རྣལ་འབྱོར་འཇམ་དཔལ་བཟང་པོའི་མནལ་ལམ་དུ་རྗེ་དེ་ཉིད་བྱོན་ནས། ད་ང་ཐུགས་དམ་ལས་གྲོལ་བ་ཡིན་ནོ་གསུངས་པ་ཞིག་བྱུང་འདུག་པས། སླར་ཡང་འོད་གསལ་གྱི་ངང་ནས་ཟུང་འཇུག་གི་སྐུར་བཞེངས་ཏེ། དཔའ་བོ་དང་རྣལ་འབྱོར་མ་བསམ་གྱིས་མི་ཁྱབ་པས་མདུན་ནས་བསུས། འཇིག་རྟེན་སྐྱོང་བ་རྣམས་ཀྱིས་ཞབས་ནས་བཏེག་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་ལྷན་ཅིག་ཏུ་བདེ་བ་ཅན་གྱི་ཞིང་ཁམས་སུ་གཤེགས་པར་མངོན་ཏེ། ཞལ་སློབ་དད་པ་ཅན་འགའ་ཞིག་གི་དག་སྣང་དུ། རྗེ་འདི་སེང་གེ་དཀར་མོ་ཞིག་ལ་ཆིབས་ཏེ། རྡོ་རྗེའི་ཚིག་འགའ་གསུང་བཞིན་དུ་ནུབ་ཕྱོགས་སུ་གཤེགས་པ་མངོན་སུམ་དུ་མཐོང་བའི་ཕྱིར་རོ། །རིགས་ལྡན་ཆོས་རྒྱལ་ཆེན་པོས་མཛད་པའི་གསོལ་འདེབས་ལས་ཀྱང༌། གདན་གསུམ་མཚན་དཔེའི་ཞལ་མཇལ་སྐྱབས་སྦྱིན་ཕྱག །བདག་གི་གཙུག་ཏུ་བཀོད་ཚེ་བྱང་ཆུབ་བར། །རྗེས་འཛིན་གསོལ་བཏབ་དགྱེས་པས་ཞལ་གྱིས་བཞེས། །གདུང་རྟེན་ཡིད་བཞིན་ནོར་བུ་སྩལ་དེར་འདུད། །རྗེ་དབོན་མཆོག་ལ་བཀའ་སློབ་མཐར་ཕྱིན་