[A:༡༤༥]ཟབ་དགོངས་ཆོས་ཀྱི་དབྱིངས་ཀྱི་རྒྱ་མཚོ་ཆེན་པོ་ཡོངས་སུ་འགེངས་པར་མཛད་དོ། །དེ་ཙམ་དུ་མ་ཟད་དབུས་གཙང་དག་པའི་ཞིང་དུ་དགོངས་རྫོགས་ཇི་ལྟར་བསྒྲུབས་པའི་ཚུལ་རྣམས་ནི། བདག་གི་བླ་མ་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོའི་རྟོགས་བརྗོད་ཀྱི་སྐབས་སུ་བཤད་པར་འགྱུར་བས་དེར་རྟོགས་པར་བྱའོ། །དེ་ལྟར་ཆོས་ཀྱི་རྗེ་འདི་ཉིད་ཞིང་འདིའི་མཛད་པ་རེ་ཞིག་རྫོགས་ཏེ་ཡོངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཀྱང༌། སླར་ཡང་འཁོར་བ་ཇི་སྲིད་གནས་པ་དེ་སྲིད་དུ་གདུལ་བྱ་གང་ལ་གང་གིས་འདུལ་བར་འགྱུར་བ་དེ་དང་དེའི་རྣམ་པས་སེམས་ཅན་གྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་ཡིན་ཏེ། དེའང་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་ཡིད་ཅན་མཐའ་དག་འཁོར་བ་ལས་སྒྲོལ་བར་དམ་བཅས་པའི་ཐུགས་བསྐྱེད་ཀྱི་གོ་ཆ་བཙན་པོ་རབ་ཏུ་བགོས་པའི་གཞན་དབང་དང༌། དེར་མ་ཟད་རང་གིས་ལེགས་པར་ཐོབ་པའི་བྱང་ཆུབ་ཆེན་པོ་དང༌། སེམས་ཅན་གྱི་དབྱིངས་རང་བཞིན་གྱིས་དག་པ་གཉིས་ལ་ཁྱད་པར་ཅིའང་མེད་པར་གཟིགས་པས་ཕྲིན་ལས་དོན་ཡོད་པ་ལ་སོགས་པ་རབ་ཏུ་མཁྱེན་པའི་ཕྱིར་ཚད་མེད་པའི་ཐུགས་རྗེ་ཆེན་པོས་མུ་མཐས་དབེན་པའི་འགྲོ་བ་རྣམས་ཀྱི་ལས་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་ཡོངས་སུ་གཞོམ་པར་མ་གྱུར་གྱི་བར་དུ་མཆོག་དང་མཆོག་མ་ཡིན་པའི་སྤྲུལ་པ་སྣ་ཚོགས་པའི་སྒོ་ནས་ཕྲིན་ལས་ཀྱི་འཇུག་པའང་རྫོགས་པར་མི་འགྱུར་བ་ནི་རྒྱལ་བ་རྣམས་ཀྱི་ཆོས་ཉིད་ཡིན་ཏེ། རྒྱུད་བླ་མ་ལས། གཞན་གྱི་དབང་གིས་ངེས་འབྱུང་དང༌། །བདག་དང་སེམས་ཅན་མཚུངས་གཟིགས་དང༌། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲིད་དུ་མཛད་མི་འཆད། །ཅེས་དང༌། རྡོ་རྗེ་གུར་ལས། གདུལ་བའི་སེམས་ཅན་མཐོང་ནས་ནི། །འདི་ཡི་གཟུགས་ནི་དུ་མར་བྱེད། །སངས་རྒྱས་སེམས་ཅན་སྐྱབས་བཞེད་པས། །སངས་རྒྱས་གར་ནི་རོལ་བར་མཛད། །ཅེས་སོགས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །འགྲོ་བློ་ཆད་པའི་