R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༤༤
[A:༡༤༤]བཀུར་ཕུན་སུམ་ཚོགས་པ་དང༌། ཁྱད་པར་ཞག་བདུན་རེའི་མཚམས་སུ་དགོན་ཆེན་རང་དུ་བཞུགས་པའི་ཤར་ནུབ་ཀྱི་བླ་མ་གཉིས་དང༌། ཞུ་དག་སྤྲུལ་སྐུ། རོང་པོ་བླ་མ། ས་སྐྱ་བླ་མ། རྡོ་རྗེ་འཛིན་པ་ངག་དབང་ཆོས་འབྱོར་རྣམས་དང༌། གླིང་མགོ་ཟི་དགོན་ནས་ཁང་གསར་ཞབས་དྲུང་རིན་པོ་ཆེ་ངག་དབང་བློ་གྲོས་རྒྱལ་མཚན་པའང་བདུན་བཞི་པའི་སྟེང་དུ་སྤྱན་དྲངས་པ་བཅས། གང་ལྟར་བདུན་རེ་རེའི་སྟེང་དུ་གོང་དུ་བཤད་པའི་བླ་མ་རེ་རེ་དབུར་བཞུགས་པའི་དགེ་སློང་སུམ་ཅུ་ཙམ་གྱིས་ཀུན་རིག་གི་ཆོ་ག་མཛད་པར་བླ་མ་སོ་སོར་འབུལ་བ་ཤིན་ཏུ་ཟབ་པ་དང༌། དགེ་འདུན་རྣམས་ལ་གྲལ་འགྱེད་སོགས་བསྙེན་བཀུར་ཕུལ་དུ་སོན་པ་དང༌། ལྷུན་གྲུབ་སྟེང་རང་དུ་བཞུགས་པའི་བླ་མ་ཆོས་རྗེ་ཡོད་རིགས་ལ་བསྔོ་སྨོན་གྱི་རྟེན་ཟབ་པ་དང༌། དགོན་དེའི་གཙུག་ལག་ཁང་དུ་དགེ་འདུན་ཡོད་རིགས་ཀྱིས་ཀུན་རིག་ཆོ་ག་ཉིན་ཁ་ཤས་གསུངས་པར་ཡོན་འབུལ་སོགས་བསྙེན་བཀུར་སྟོབས་ཆེ་བ་དང༌། གཞན་ཡང་ཆོས་རྒྱལ་ཆེན་པོའི་མངའ་འོག་ཏུ་གཏོགས་པའི་ས་དགོན་ཡོད་དོ་ཅོག་ལ་དགོངས་རྫོགས་སྒྲུབ་པའི་རྟེན་ཟབ་པ་དང༌། དཔལ་སྤུངས། རྫོགས་ཆེན། ཟེ་ཆེན། ཀཿཐོག །དཔལ་ཡུལ་སོགས་རིས་མེད་ཀྱི་དགོན་ཁག་སོ་སོར་མང་ཇ་འགྱེད་བཅས། དེ་དག་གི་བླ་མ་ཆེ་གྲས་རྣམས་སུ་རྒྱ་དངུལ་རྡོ་ཚད་རེའི་མགོ་གཏད་དང༌། ཆུང་གྲས་རྣམས་སུ་རྒྱ་དངུལ་ཐུར་སྲང་ཉེར་ལྔ་རེས་མགོ་བྱས་པའི་འབུལ་བ་སོགས་ཟབ་པ་དང༌། འདྲ་སྐུ་དང་གདུང་རྟེན་མི་དགོས་ཞེས་གསུངས་ནའང་དད་པའི་རྟེན་དུ་རིན་ཆེན་གཉིས་པ་ཐུར་སྲང་དགུ་བཅུ་ལས་གྲུབ་པའི་མཆོད་རྟེན་བཀྲ་ཤིས་སྒོ་མང་དང༌། གསེར་ཟངས་ལས་གྲུབ་པའི་འདྲ་སྐུ་ཁྲུ་གང་ལྷག་ཙམ་དང༌། ཞལ་ཆེམས་སུ་ཡོད་པའི་ཡི་དམ་གྱི་ལྷ་བཅུ་གཉིས་ཀྱི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་ཁྲུ་གང་ཅུང་མེད་ཙམ་རེ་བཞེངས་པ་སོགས་མདོར་ན་རྣམ་པར་དཀར་བའི་ཕྲིན་ལས་ཀྱི་ཆུ་ཀླུང་མང་པོས་