[A:༡༤]བོ། ཐར་པ་འདོད་པ་རྣམས་ཀྱི་འདྲེན་པ། ལམ་དུ་ཞུགས་པ་རྣམས་ཀྱི་དེད་དཔོན། ལྷ་དང་བཅས་པའི་ཆེ་དགུ་ཀུན་གྱིས་ཞབས་ཀྱི་པདྨོ་སྤྱི་བོར་ལེན་པ། ཕྱིའི་ཀུན་སྤྱོད་ཐམས་ཅད་འདུལ་བ་དང་མཐུན་ཞིང་བཅས་རང་གི་ཉེས་པ་ཕྲ་ཞིང་ཕྲ་བས་ཀྱང་མ་རེག་པའི་དགྲ་བཅོམ་པ་ཆེན་པོ། ནང་དུ་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པས་འགྲོ་བ་རྣམས་ལ་བུ་གཅིག་པ་ལྟར་བརྩེ་བའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཆེན་པོ། གསང་བ་ལྟར་ན་རིགས་ཐམས་ཅད་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའ་དང་དབྱེར་མ་མཆིས་པ། སྐུའི་དཀྱིལ་འཁོར་མཐོང་བ་ཙམ་གྱིས་སྲིད་ཞིའི་རྒུད་པ་མཐའ་དག་སེལ་བར་ནུས་པ། གསུང་གི་གསང་བ་རྨད་དུ་བྱུང་བས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་གྲུ་ཆར་རྟག་ཏུ་འབེབས་པ། ཐུགས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་ཆོས་དང་ཆོས་མ་ཡིན་པ་རྣམ་པར་འབྱེད་པ། ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པའི་ཕྲིན་ལས་ཕུན་སུམ་ཚོགས་པས་འགྲོ་བ་རྣམས་སྨིན་གྲོལ་ལ་འགོད་པར་མཛད་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་རིན་པོ་ཆེ་མ་ལུས་པའི་མཛོད་འཛིན་པ། མཁན་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་བྱམས་པ་ནམ་མཁའ་འཆི་མེད་ཁུ་དབོན་གསུམ་གྱི་རྣམ་པར་ཐར་པ་མ་ལུས་པ་ནི། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཀྱང་བརྗོད་པར་དཀའ་ན། བདག་ལྟ་བུ་བློ་གྲོས་ཀྱི་མཐུ་ཆུང་ཞིང་མ་རིག་པའི་ཁུང་བུར་ཚུད་པའི་སྐྱེ་བོ་རྣམས་ཀྱིས་ནི་ཆ་ཤས་ཙམ་ཡང་བསྙད་པར་ལྟ་ག་ལ་ཞིག་སྟེ། འདི་ནི་ངེས་པ་དོན་གྱི་དབང་དུ་བྱས་ན་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ་མངོན་པར་བྱང་ཆུབ་པ་ལྔའི་ཚུལ་གྱིས་ཆོས་ཀྱི་སྐུ་དང་གཟུགས་ཀྱི་སྐུ་གཉིས་སུ་མེད་པའི་བདག་ཉིད་ཅན་གྱི་མངོན་