R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༡༣
[A:༡༣]བཙུན་གོང་མ་ལྔ་ལ་སོགས་པའི་ཡབ་སྲས་བརྒྱུད་པ་དང་བཅས་པ་དང༌། དེ་དག་གི་སློབ་མ་དང་ཉིང་སློབ་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པས་དམ་པའི་ཆོས་མ་དག་པ་རྣམས་དག་པར་བྱས། དག་པ་རྣམས་གོང་ནས་གོང་འཕེལ་དུ་མཛད་པ་ལ་སོགས་པའི་སྒོ་ནས། མདོར་ན་སངས་རྒྱས་ཀྱི་བསྟན་པ་ནམ་ལངས་པའི་རྗེས་སུ་ཉི་མ་ཤར་བ་ལྟར་དར་ཞིང་རྒྱས་པར་མཛད་དོ། །དེ་ནས་ཀྱང་ཕྱིས་སུ་ཐུབ་པའི་བསྟན་པ་སྤྱི་དང༌། བྱེ་བྲག་རྗེ་བཙུན་ས་སྐྱ་པ་རྣམས་ཀྱི་བཞེད་སྲོལ་འཛིན་པ་རྣམས་ཀྱི་ནང་ནས་གཙུག་གི་ནོར་བུ་ལྟར་གྱུར་པ། སྔགས་ཀྱི་བསྟན་པ་འཛིན་པ་ལ་ངོར་རྫོང་གཉིས་སུ་གྲགས་པའི་ནང་ནས་ཆེས་མཆོག་ཏུ་གྱུར་པ་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོས་ལུང་བསྟན་གྱི་མེ་ཏོག་ལན་གཅིག་མ་ཡིན་པར་ཡང་ནས་ཡང་དུ་འཐོར་བའི་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ཞེས་མཚན་སྙན་གྱི་གདུགས་དཀར་སྲིད་པ་དང་ཞི་བའི་ཁྱོན་ཐམས་ཅད་ཡོངས་སུ་ཁེབས་པ་དེ་ཉིད་འཇིག་རྟེན་དུ་བྱོན་ཏེ། དེ་བཞིན་གཤེགས་པའི་བསྟན་པ་ལ་སྟོན་པ་གཉིས་པ་ལྟ་བུའི་མཛད་པ་རླབས་པོ་ཆེའི་སྒོ་ནས། རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང༌། བྱེ་བྲག་རྡོ་རྗེ་ཐེག་པའི་ཆོས་སྐོར་ཐམས་ཅད་སའི་སྟེང་ཕལ་ཆེ་བར་དར་ཞིང་རྒྱས་པར་མཛད་པ་ཡིན་ནོ། །དེ་ནས་ཀྱང་རྗེ་དེ་ཉིད་ཀྱི་རྒྱལ་ཚབ་ཏུ་མི་འཇིགས་གདོང་ལྔས་བཏེག་པའི་ཆོས་ཀྱི་ཁྲི་འཕང་མཐོན་པོར་མངའ་གསོལ་བའི་བསྟན་འཛིན་གྱི་སྐྱེས་བུ་བར་མ་ཆད་པ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་བྱོན་པ་རྣམས་ཀྱིས་ཀྱང༌། མཁས་པའི་བྱ་བ་རྣམ་པ་གསུམ་གྱི་སྒོ་ནས་གོང་གི་བཞེད་སྲོལ་མཐའ་དག་མི་ཉམས་ཤིང་འཕེལ་བར་མཛད་པ་རྣམས་ཀྱི་ནང་ནས་བདག་ཅག་གི་བླ་མ། ཁམས་གསུམ་གྱི་མགོན་པོ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཙོ་