[A:༡༥]པར་རྫོགས་པར་སངས་རྒྱས་སུ་ཟིན་ཀྱང༌། སྔོན་གྱི་སྨོན་ལམ་དང༌། འགྲོ་བ་རྣམས་ལ་རྗེས་སུ་བརྩེ་བའི་བདུད་རྩིའི་ཆུ་རྒྱུན་གྱིས་ཡང་དང་ཡང་དུ་བཀྲུས་པའི་སྒྲིབ་བྲལ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱན་གྱིས་ཉིན་མཚན་གྱི་རིས་དང་བར་མེད་པར་སེམས་ཅན་སུ་ཞིག་ནི་དར། སུ་ཞིག་ནི་རྒུད། སུ་ཞིག་ནི་འདྲེན་པའི་དུས་ལ་བབ། ཅེས་ཡང་དང་ཡང་དུ་གཟིགས་ཏེ་ཞིང་ཡོངས་སུ་དག་པ་རྣམས་སུ་ལོངས་སྤྱོད་རྫོགས་པའི་ཚུལ་དང༌། མ་དག་པའི་ཞིང་ཁམས་རྣམས་སུ་ཡང་སངས་རྒྱས་ཀྱིས་འདུལ་བ་ལ་སངས་རྒྱས་དང༌། བྱང་ཆུབ་སེམས་དཔས་འདུལ་པ་ལ་བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་དུ་རང་སངས་རྒྱས་དང༌། ཉན་ཐོས་དང༌། སོ་སོ་སྐྱེ་བོས་འདུལ་བ་ལ་དེ་དག་སོ་སོའི་རྣམ་པར་རོལ་པ་དུ་མ་དང༌། གཞན་ཡང་རི་བོང་དང༌། སྟག་དང༌། སེང་གེ་དང༌། གྲུ་དང༌། གཟིངས་དང༌། ཟམ་པ་ལ་སོགས་པ་མདོར་ན་སེམས་ཅན་གང་ལ་གང་གིས་འདུལ་བ་ལ་དེ་དང་རྗེས་སུ་མཐུན་པའི་སྤྲུལ་པ་དཔག་ཏུ་མེད་པས་ལུས་ཅན་མཐའ་དག་ཕན་པ་དང་བདེ་བའི་ལམ་དུ་འགོད་པར་མཛད་པ་ཡིན་ཏེ། སངས་རྒྱས་ཀྱི་སྟོབས་བསྐྱེད་པ་ཆོ་འཕྲུལ་རྣམ་པར་བསྟན་པ་ཞེས་བྱ་བའི་མདོ་ལས། ཀྱེ་རྒྱལ་བའི་བུ་དག་དེ་བཞིན་གཤེགས་པའི་ཐབས་མཁས་པ་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནི་མང་ངོ༌། །སེམས་ཅན་རྣམས་ཀྱི་བསམ་པ་ཇི་ལྟ་བུ་དང༌། ཇི་ལྟར་འདུལ་བ་དང༌། དགེ་བའི་རྩ་བ་ཇི་ལྟ་བུ་དང༌། སེམས་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་ཀྱི་སྤྱོད་པ་མཁྱེན་ནས་ཆོས་སྟོན་ཏེ། སེམས་ཅན་ཁ་ཅིག་ནི་བྱང་ཆུབ་སེམས་དཔས་འདུལ། ཁ་ཅིག་ནི་ཉན་ཐོས་ཀྱིས་འདུལ། ཁ་ཅིག་ནི་རང་སངས་རྒྱས་ཀྱིས་འདུལ། ཁ་ཅིག་ནི་ལྷས་འདུལ། ཁ་ཅིག་ནི་བརྒྱ་བྱིན་གྱིས་འདུལ། ཁ་ཅིག་ནི་ཚངས་