[A:༣༢]ཆེན་གྱི་ཡིག་ཆའི་སྟེང་ནས་ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པ་ལྷ་བཅུ་གསུམ་གྱི་དབང༌། འཇིགས་བྱེད་ཀྱི་ཕྱག་མཚན་མདའ་གཞུ་ལ་བརྟེན་ནས་བི་ཥ་བསད་པའི་ལས་ཚོགས་དུག་དབང་རྨ་བྱ་རྒྱས་པ་ཤར་ཁང་པའི་ཡིག་ཆ་ལྟར་དང༌། དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་ཆའི་སྟེང་ནས་ཁྲོ་རྒྱལ་འབྱུང་པོ་འདུལ་བྱེད་ཀྱི་རྗེས་གནང་ལུང་བཅས། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས་པའི་ཡིག་ཆའི་སྟེང་ནས་གུར་ལྷ་བརྒྱད་ཐུན་མོང་བའི་རྗེས་གནང་ལུང་བཅས། དེས་མཛད་པའི་ཡིག་ཆའི་སྟེང་ནས་ཞལ་བསྙེན་དུས་ཀྱི་རྗེས་གནང༌། ངག་དབང་ཆོས་གྲགས་ཀྱི་ཡིག་ཆའི་སྟེང་ནས་གུ་རུ་དྲག་དམར་ཉང་ལུགས་ཀྱི་རྗེས་གནང་ལུང་བཅས། དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་ཆའི་སྟེང་ནས་བཱ་རི་ལུགས་ཀྱི་སྒྲུབ་ཐབས་བརྒྱ་རྩར་གྲགས་པ་ནས་བྱུང་བའི་རྗེས་གནང་བདུན་ཅུ་དོན་བརྒྱད་དང་ཡིག་ཆའི་ལུང་བཅས་གསན་ཅིང་ཕྱག་ལེན་གྱི་རིམ་པ་རྣམས་ཀྱང་ཁོང་དུ་ཆུད་པར་མཛད་དོ། །དེ་ནས་དགུང་ལོ་བཅུ་བཞི་དང༌། བཅུ་བདུན་དང༌། བཅོ་བརྒྱད་པ་རྣམས་སུ་མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་འབྱུང་གནས་གཅིག་པུར་གྱུར་པ་བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོར་ལན་ཁ་ཡར་ཕེབས་ཏེ། མི་འཕྲོག་པའི་མཁྱེན་རབ་དང༌། དམིགས་པ་མེད་པའི་ཐུགས་རྗེ་ཚད་མེད་པ་མངའ་ཞིང༌། སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསམ་མི་ཁྱབ་པར་དབང་བསྒྱུར་བ། དེ་དུས་ཀྱི་གངས་རིའི་ཁྲོད་ན་རིས་སུ་མེད་པའི་བསྟན་འཛིན་ཡོངས་ཀྱི་གཙུག་གི་ནོར་བུ་ལྟ་བུ་འཇམ་དཔལ་མི་ཡི་རྣམ་པར་རོལ་པ་བདག་ཆེན་ཀུན་དགའ་བློ་གྲོས་བཀྲ་ཤིས་གྲགས་པའི་་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་པདྨོ་དྲི་མ་མེད་པར། བདུད་ལས་ཀྱིས་མི་ཕྱེད་པའི་དད་པ་དང་གུས་པ་ཆེན་པོའི་སྤྱི་བོས་ཡང་