[A:༣༡]པ་རྣམ་པར་དག་པ་ལེགས་པར་བཞེས་ཏེ། མཚན་བྱམས་པ་ནམ་མཁའ་བཟང་པོ་ཞེས་བྱ་བར་གསོལ་ཏོ། །དེ་ནས་བརྩམས་ཏེ་སྔོན་གྱི་འཕགས་པ་དགྲ་བཅོམ་པ་རྣམས་དང་ཚུལ་མཚུངས་པར་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་མིག་འབྲས་ལྟར་གཅེས་པར་བཟུང་སྟེ། བསླབ་བྱ་ཕྲ་ཞིང་ཕྲ་བ་རྣམས་ཀྱང་མ་ཉམས་པར་མཛད་པ་ཡིན་ནོ། །མདོར་ན་བདག་ཉིད་ཆེན་པོ་འདི་ནི་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་ཐམས་ཅད་མཁྱེན་པའི་གོ་འཕང་བདག་གིར་མཛད་ཟིན་ནའང༌། རྒྱལ་བའི་བསྟན་པ་ལ་འཇུག་པ་རྣམས་ཀྱི་མངོན་པར་རྟོགས་པ་ནི། ཇི་སྐད་དུ། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་ལྟར་ཐོག་མར་རྒྱུད་སྡོམ་པ་གསུམ་ལྡན་དུ་བྱས་ནས། ཐོས་བསམ་སྒོམ་གསུམ་ལ་རིམ་གྱིས་སློབ་དགོས་པ་ཡིན་ནོ་ཞེས་ཤེས་པའི་ཆེད་དུ་རང་ཉིད་ཀྱང་དེའི་རྗེས་སུ་སློབ་པར་བཞེད་ནས། དགུང་ལོ་བཅུ་གཉིས་སུ་ཕེབས་པ་ན། རིགས་ཐམས་ཅད་ཀྱི་བདག་པོ་དཔལ་ལྡན་རྡོ་རྗེ་སེམས་དཔའ་དང་དབྱེར་མ་མཆིས་པ་ཕན་ཁང་དབོན་རིན་པོ་ཆེ་རིན་ཆེན་མཆོག་གྲུབ་པའི་དྲུང་དུ། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་པའི་ཡིག་ཆ་རྣམས་ཀྱི་སྟེང་ནས། དཔལ་དགྱེས་པ་རྡོ་རྗེའི་རས་བྲིས་ཀྱི་དཀྱིལ་འཁོར་ཆེན་པོར་རྒྱུ་དུས་ཀྱི་དབང་བསྐུར་བ་ལེགས་པར་གསན་ཏེ་དགེ་ཚུལ་རྡོ་རྗེ་འཛིན་པ་ཆེན་པོར་གྱུར་པ་ཡིན་ནོ། །དེ་ཕྱིན་ཆད་རྩ་བ་དང་ཡན་ལག་གི་ཉེས་པ་ཕྲ་ཞིང་ཕྲ་བ་རྣམས་ཀྱང་སྲུང་སྡོམ་གྱི་རྭ་བ་ལས་ནམ་ཡང་མི་འདའ་བར་མཛད་དོ། །གཞན་ཡང་ཆོས་ཀྱི་རྗེ་དེའི་དྲུང་ནས་སྔ་ཕྱིར་ཆོས་གསན་པའི་རྣམ་གྲངས་ལ། ཐར་པཎ་གྱི་ཡིག་ཆའི་སྟེང་ནས་འཇམ་དཀར་མ་ཏི་ལུགས་ཀྱི་རྗེས་གནང་ལུང་བཅས། ཞུ་