R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༣༣
[A:༣༣]དང་ཡང་དུ་བཏུད་དེ་སྔ་ཕྱིར་ཆོས་ཀྱི་བདུད་རྩི་མང་དུ་གསོལ་བ་རྣམས་ཕྱོགས་གཅིག་ཏུ་བརྗོད་ན། ཐོག་མར་སློབ་དཔོན་འཕགས་པ་ཐོགས་མེད་ནས་བརྒྱུད་པའི་སེམས་ཙམ་པའི་ལུགས་ཀྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་རྒྱལ་སྲས་ཐོགས་མེད་པ་དང༌། ཡངས་ཅན་མཁན་པོ་ངག་དབང་རྣམ་རྒྱལ་གྱི་ཡི་གེ་ལྟར་གསན་ཏེ། སྨོན་པ་དང་འཇུག་པ་གཉིས་ཀྱིས་བསྡུས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལས་དུས་སྐད་ཅིག་ཀྱང་མི་གཡོ་བའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཆེན་པོར་མཛད་ཅིང༌། དེ་རྗེས་ཇོ་བོ་ནས་བརྒྱུད་པའི་བློ་སྦྱོང་དོན་བདུན་མའི་ཁྲིད་རྒྱལ་སྲས་ཐོགས་མེད་པའི་ཡིག་ཆའི་སྟེང་ནས་ཉམས་ཁྲིད་ལུང་དང་བཅས་པ། ཇོ་བོས་ཐུགས་དམ་དུ་མཛད་པའི་ཆོས་ཆུང་བརྒྱ་རྩ། བཀའ་གདམས་པའི་གསུང་སྒྲོས་ཐོར་བུ་ལྕེ་སྒོམ་པས་བསྡུས་པ། པུ་ཏོ་བ་རིན་ཆེན་གསལ་གྱིས་མཛད་པའི་དཔེ་ཆོས་རིན་ཆེན་སྤུངས་པ། དེའི་འགྲེལ་པ་ལྕེ་སྒོམ་བརྩོན་འགྲུས་རྡོ་རྗེས་མཛད་པའི་མན་ངག་རིན་ཆེན་སྤུངས་པ། དེ་དག་ལ་མཁོ་བ་གཏམ་རྒྱུད་རིན་ཆེན་ཕྲེང་མཛེས་འགྲོ་མགོན་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པ། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་དང་མུས་ཆེན་དཀོན་མཆོག་རྒྱལ་མཚན་གཉིས་ཀྱིས་བསྒྲིགས་པའི་བློ་སྦྱོང་གླེགས་བམ། མུས་ཆེན་གྱིས་མཛད་པའི་བློ་སྦྱོང་ཁྲིད་ཡིག །གཞོན་ནུ་རྒྱལ་མཆོག་གམ་དཀོན་མཆོག་འབངས་ཀྱིས་མཛད་པའི་བློ་སྦྱོང་ལེགས་བཤད་ཀུན་འདུས་རྣམས་ཀྱི་ལུང༌། ངོར་ཆེན་གྱི་དབོན་ཀུན་དགའ་ལེགས་རིན་གྱི་ཡིག་ཆ་ལ་སོགས་པའི་སྟེང་ནས་རྗེ་ས་སྐྱ་པ་ཆེན་པོ་ལ་འཇམ་པའི་དབྱངས་ཀྱིས་དངོས་སུ་ཞལ་གཟིགས་ཏེ་སྩལ་བའི་བློ་སྦྱོང་ཞེན་པ་བཞི་བྲལ་གྱི་ཁྲིད། འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་ཨ་བྷཱ་ཡས་ཕྱོགས་གཅིག་ཏུ་བསྒྲིགས་ཤིང་ཡར་ལུང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བོད་དུ་