R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༤༧
[A:༤༧]དབང་གི་ཁྲིད་ཀྱི་ཐོག་མར་ངག་ཆོས་པའི་ཡིག་ཆའི་སྟེང་ནས་རྗེ་བཙུན་བདག་མེད་མའི་བྱིན་རླབས་དང༌། གཞན་ཡང་ངག་ཆོས་པའི་ཡིག་ཆའི་སྟེང་ནས་ལམ་ཟབ་ཕྱི་ནང་དང༌། བིར་སྲུང་ཕྱི་ནང་རྣམས་ཀྱི་བྱིན་རླབས་དང༌། ཕྱི་ནང་གི་བསྐྱེད་རིམ་གྱི་སྐབས་སུའང༌། ངོར་ཆེན་གྱིས་མཛད་པའི་ཕྱི་བསྐྱེད་རིམ་གྱི་རྣམ་བཤད་ཟླ་ཟེར་དང༌། ཀུན་མཁྱེན་གྱིས་མཛད་པའི་ལུས་དཀྱིལ་རྣམ་བཤད་བདེ་ཆེན་བཅུད་སྙིང་སོགས་ཀྱི་སྟེང་ནས་མཐའ་དཔྱོད་ཀྱི་གསུང་བཤད་ཤིན་ཏུ་ཞིབ་པ་སོགས་མདོར་ན་ཕྱག་ལེན་ཕྲ་མོ་ཙམ་ཡང་འོལ་སྤྱིར་མ་ལུས་པར་མཐིལ་ཕྱིན་པར་གསན་པ་ཡིན་ནོ། །དེ་རྣམས་ཀྱི་རྒྱབ་རྟེན་དུ་ལུང་དང་བསྟན་བཅོས་ཚད་མར་བྱ་བའི་ཕྱིར། རྗེ་བཙུན་རིན་པོ་ཆེས་བསྒྲིགས་པའི་ལམ་འབྲས་པོད་སེར་ལ་ཆོས་སྣ་དྲུག་ཅུ་ཡོད་པ་དང༌། དེའི་ནང་ནས་རྗེ་བཙུན་ཡུམ་གྱི་བྱིན་རླབས་ཀྱི་ཆོ་ག་དང༌། ལས་དང་པོ་པ་དང་ཐུན་མོང་དུ་དགོས་པའི་ཆོས་སྣ་བདུན་ཏེ་བརྒྱད་པོ་ལོགས་སུ་བཞུགས་ཀྱང་རུང་བར་བཤད་པ་དང་བཅས་པ་རྣམས་ཀྱི་ལུང༌། ཆོས་རྗེ་བླ་མ་དམ་པས་མཛད་པའི་ལམ་འབྲས་པོད་ནག་མར་གྲགས་པ་ལ་བརྒྱུད་པའི་རྣམ་ཐར་ངོ་མཚར་སྣང་བ། མངོན་རྟོགས་ཡན་ལག་དྲུག་པ། ལམ་དབང་བསྐུར་ཚུལ། དེའི་ཉམས་ལེན། བླ་མ་ལ་བརྟེན་ནས་དངོས་གྲུབ་རྣམ་གཉིས་སྒྲུབ་པའི་རྣལ་འབྱོར། ཟབ་མོ་བླ་མའི་རྣལ་འབྱོར་གྱི་ཡན་ལག །གཞུང་ཇི་ལྟ་བ་བཞིན་གྱི་ཁྲིད་ཡིག་སྦས་དོན་གསལ་བ། གནད་དྲུག་གིས་བཀྲི་བའི་ཁྲིད་ཡིག་གནད་ཀྱི་ལྡེའུ་མིག །གནད་བཅུ་གཅིག་གིས་བཀྲི་བའི་ཁྲིད་ཡིག་གནད་ཀྱི་སྒོ་འབྱེད། དབང་པོ་རབ་འབྲིང་ཐ་གསུམ་བཀྲི་བའི་ཁྲིད་ཡིག་ཉུང་ངུ་རྣམ་གསལ། ལམ་འབྲས་འབྲིང་དུ་བསྡུས་ནས་སྣང་བ་གསུམ་དུ་གང་ཟག་གཅིག་ལ་དགོས་པ་ཕྱོགས་གཅིག་ཏུ་བསྒྲིགས་པ། ལམ་