[A:༤༦]མཛད་པ་ནས། ངོར་ཆེན་གྱི་རྣམ་ཐར་ཁ་སྐོང་དང་བཅས་པ་མུས་ཆེན་གྱིས་མཛད་པའི་བར་དང༌།
མུས་ཆེན་ནས་ཡབ་རྗེ་བསོད་ནམས་རིན་ཆེན་བར་གྱི་རྣམ་ཐར་རྣམས་ཀྱི་ལུང་གནང་ཚུལ་ཀུན་བློའི་རྣམ་ཐར་དུ་གསལ་ཡང༌། རྗེ་འདིའི་གསན་ཡིག་ཏུ་མ་ཐེབས་པས་མ་བྲིས་སོ། །
རྗེ་རང་གིས་མཛད་པའི་ས་སྐྱའི་གདུང་རབས་དང༌། ངོར་གྱི་གདན་རབས་རྣམས་ཀྱི་ལུང༌། ཉམས་མྱོང་ཚད་མ་རྒྱུད་ལ་སྐྱེད་བྱེད་ཁྲིད་ཀྱི་གཞུང་ཤིང་བཞི་ལས། གཞུང་ཤིང་རྒྱས་པ་གཞུང་ཇི་ལྟ་བ་བཞིན་དུ་བཀྲི་བའི་ཁྲིད་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཡིག་ཆའི་སྟེང་ནས་ལམ་གྱི་སྔོན་འགྲོ་སྣང་བ་གསུམ་གྱི་ཁྲིད། བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད། དེ་ནས་དབང་གི་མངོན་པར་རྟོགས་པ་བརྒྱད་དང་ལྡན་པའི་སྒོ་ནས་དཔལ་ཀྱེ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་ཆ་རྣམས་ཀྱི་སྟེང་ནས་རྒྱུ་དུས་ཀྱི་དབང་བསྐུར་བ་དང༌། དེ་ལྟར་དབང་ཐོབ་པ་དེ་ཉིད་མི་ཉམས་པར་བསྲུང་བའི་ཕྱིར་དུ་རྗེ་བཙུན་གྱིས་མཛད་པའི་རྩ་ལྟུང་འཁྲུལ་སྤོང་སོགས་ཀྱི་སྟེང་ནས་དམ་ཚིག་གི་གསུང་བཤད་ཤིན་ཏུ་ཞིབ་པ། ལམ་གྱི་དངོས་གཞི་རྒྱུད་གསུམ་གྱི་སྒོ་ནས་བཀྲི་བའི་ཁྲིད་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་ཀྱི་ཡིག་ཆའི་སྟེང་ནས་ཉམས་ཁྲིད་ཟབ་མོ་ཡོངས་སུ་རྫོགས་པ་ཤིན་ཏུ་ཞིབ་རྒྱས་སུ་གསན་ཅིང༌། དེ་དག་གི་སྐབས་སུའང་ལམ་གྱི་ཉམས་བསྐྱེད་པའི་ཕྱིར་ལུས་ཐབས་རྒྱུད་ལ་དབང་བཞི་དང་རྗེས་སུ་འབྲེལ་བའི་ལམ་གྱི་ཐོག་མར་འཇམ་མགོན་ཨ་མེས་ཞབས་ཀྱི་ཡིག་ཆའི་སྟེང་ནས་རྗེ་བཙུན་བདག་མེད་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང༌། ནང་བསྐྱེད་རིམ་གྱི་ཐོག་མར་འཇམ་དབྱངས་བསོད་ནམས་དབང་པོས་མཛད་པའི་ལམ་དབང་གི་ཡི་གེ་དང༌། ངག་ཆོས་པས་མཛད་པའི་ལམ་དབང་གི་མཐའ་དཔྱད་བཅས་ཀྱི་སྟེང་ནས་ལམ་དུས་ཀྱི་དབང་གིས་ཆུ་བོ་མ་ནུབ་པ་དང༌། གསང་