[A:༦༥]རྣམས་ཀྱི་གཙུག་གི་ཅོད་པན་ལྟ་བུར་གྱུར་པ་སློབ་དཔོན་དཎྜཱི་སྟེ་དབྱུག་པ་ཅན་གྱིས་མཛད་པའི་ཚིག་རྒྱན་གྱི་བསྟན་བཅོས་མེ་ལོང་དང༌། དེའི་འགྲེལ་པ་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་པར་རྒྱལ་བའི་ལྷས་མཛད་པ་སོགས་ཀྱི་སྟེང་ནས་ལམ་རྣམ་པར་དབྱེ་བ། དོན་རྒྱན། སྒྲ་རྒྱན། གབ་ཚིག་དང་བཅས་པའི་བཤད་ཁྲིད་ཡོངས་སུ་རྫོགས་པ་གསན་ཅིང༌། དེ་དག་སོ་སོའི་རྒྱན་དང་སྦྱར་བའི་དཔེར་བརྗོད་ལྗགས་རྩོམ་སྩལ་བ་ལ་སོགས་པའི་སྒོ་ནས་མཐར་ཕྱིན་པར་མཛད་པ་ཡིན་ནོ། །ཡང་གཞུང་ལུགས་རབ་འབྱམས་སྨྲ་བ་དཔལ་ས་སྐྱའི་ཟུར་འཆད་པ་རིན་ཆེན་རྒྱལ་མཚན་གྱི་དྲུང་ནས་ཇོ་བོ་ལུགས་ཀྱི་ཛམྦྷ་ལ་དཀར་པོ་འབྲུག་ཞོན་ལྷ་ལྔའི་རྗེས་གནང་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱི་ཡིག་ཆ་ལྟར་དང༌། ས་སྐྱ་པའི་ཟབ་ཆོས་རིགས་བྱེད་མ། ཚོགས་བདག །འདོད་རྒྱལ་རྣམས་ཀྱི་རྗེས་གནང་ངོར་ལུགས་ཐུན་མོང་མ་ཡིན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་ཆའི་སྟེང་ནས་ལུང་དང་བཅས་པ། རྫོང་ཆུང་པ་ཆོས་རྗེ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་མངོན་དཀྱིལ་དང༌། ངག་ཆོས་པའི་ཟིན་བྲིས་རྣམས་ཀྱི་སྟེང་ནས་ལོ་ཆེན་རིན་ཆེན་བཟང་པོ་དཔོན་སློབ་རྣམས་ནས་བརྒྱུད་པའི་གུར་གྱི་མགོན་པོ་གྲི་གུག་ལྷ་ལྔ། ལྷ་བརྒྱད་མ། ལྷ་བཅུ་གཉིས་མ་བཅས་དང༌། གྱི་ལྗང་ལུགས་ཀྱི་མགོན་པོ་ལྷ་བཅུ་བདུན་མ། སྙན་བརྒྱུད་ལུགས་ཀྱི་གྲི་གུག་ལྷ་ལྔ་རྣམས་ཀྱི་དབང༌། སྔགས་འཆང་ཆེན་མོའི་ཡིག་ཆའི་སྟེང་ནས་གུར་ལྷ་བརྒྱད་ཐུན་མོང་བའི་རྗེས་གནང་ལུང་བཅས། ངག་ཆོས་པའི་ཡིག་ཆའི་སྟེང་ནས་ལྷ་བརྒྱད་ཐུན་མོང་མ་ཡིན་པའི་རྗེས་གནང་ལུང་བཅས། ངག་ཆོས་པའི་ཡིག་ཆའི་སྟེང་ནས་ཁྲོ་བཅུའི་རྗེས་གནང་ལུང་བཅས། མདོ་ཁམས་པ་བཀྲ་ཤིས་དབང་ཕྱུག་པའི་ཡིག་ཆའི་སྟེང་ནས་ནང་གི་ལས་མཁན་