R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༦༤
[A:༦༤]དང༌། ཡར་ཀླུང་མཆོག་སྤྲུལ་ནམ་མཁའ་ལེགས་པ་ལྷུན་གྲུབ་གཉིས་ལ་གཏད་ཅིང༌། དེའི་ནང་ནས་ཀྱང་གཙོ་བོར་རྗེ་འདི་ལ་བསྟན་པ་གཏད་པ་ཡིན་ཞིང༌། སྐུ་ཚེ་འདི་ཙམ་དུ་མ་ཟད་ཡང་སྲིད་སྔ་མ་རྣམས་སུའང་ཕན་ཚུན་བླ་སློབ་ཏུ་གྱུར་ནས་ཟབ་ཆོས་ཀྱི་བསྟན་པ་གཏད་ལེན་རྒྱུན་མ་ཆད་པར་བྱུང་བ་ཡིན་ནོ་ཞེས་ལུང་བསྟན་པ་དང་བཅས་མཛད་དོ། །ཞེས་གླེང་ངོ༌། །དོན་འདི་ལ་དགོངས་ནས་རིགས་ལྡན་ཆོས་རྒྱལ་མཆོག་གིས་མཛད་པའི་རྣམ་ཐར་གསོལ་འདེབས་ལས། སངས་རྒྱས་ཀུན་དངོས་ངག་དབང་ལྷ་ཡི་སྐུ། །འཁྲུལ་བྲལ་ལེགས་བཤད་འགྲོ་ཀུན་དགའ་མཛད་གསུང༌། །སྒྲིབ་བྲལ་དུས་གསུམ་ཀུན་མཁྱེན་བློ་གྲོས་ཀྱིས། །ཐུགས་སྲས་ཞལ་བཞེས་རྗེས་སུ་བཟུང་ལ་འདུད། །རྟག་ཏུ་ངུ་དང་ནོར་བཟང་གཞོན་ནུ་ལྟར། །དད་གུས་བཀུར་སྟི་ཕུན་སུམ་ཚོགས་པ་ཡིས། །བདག་ཆེན་ཐམས་ཅད་མཁྱེན་པ་མཉེས་བྱས་ནས། །ཟབ་རྒྱས་ཆོས་ཚུལ་རྒྱ་མཚོ་གསན་ལ་འདུད། །ཁྱད་པར་རྒྱུད་སྡེ་ཀུན་གྱི་བཅུད་ཕྱུང་བ། །གསུང་ངག་ཚོགས་སློབ་སྨིན་གྲོལ་ཆ་ལག་བཅས། །གཙོར་གྱུར་ས་ཆེན་ཐུགས་ཐིག་མ་ལུས་སྩལ། །སྙན་བརྒྱུད་རྒྱ་མཚོའི་མངའ་བདག་གྱུར་ལ་འདུད། །འཁོན་སྟོན་དབང་པོར་རྒྱལ་བ་ངོར་ཆེན་རྗེས། །ཞལ་གཟིགས་བསྟན་འཛིན་ཁྱད་ཅན་འབྱུང་ཞེས་གསུངས། །རྗེ་འདིས་དེང་དུས་ས་ངོར་བསྟན་པའི་སྲོག །ལེགས་བཟུང་ངེས་རྙེད་བསྟན་འཛིན་དམ་པར་འདུད། །འཇམ་དབྱངས་བླ་མས་ཡར་ཀླུང་མཆོག་སྤྲུལ་དང༌། །རྗེ་འདིར་གསུང་ངག་བསྟན་པའི་རྒྱལ་སྲིད་གཏད། །སྐུ་ཕྲེང་རིམ་པར་ཟབ་ཆོས་གཏད་ལེན་ཚུལ། །ཡིན་ཞེས་བསླུ་མེད་ལུང་བསྟན་སྩལ་ལ་འདུད། །ཅེས་སོགས་གསུངས་པ་ཡིན་ནོ། །གཞན་ཡང་དཔལ་ས་སྐྱའི་འཇམ་མགོན་ཆེན་པོའི་ཞབས་འབྲིང་བ་རིག་པའི་དབང་ཕྱུག་ཞིག་ལས་འཕགས་ཡུལ་ན་སྙན་ངག་སྨྲ་བ་