[A:༦༧]སྡོང་མའི་ཡི་གེ་དང༌། བསང་གཞུང་ཐུགས་རྗེ་ཚད་མེད་རྣམས་ཀྱི་ལུང་བཅས་གསན་ཅིང་ཐུགས་སུ་ཆུད་པར་མཛད་དོ། །ཡང་རྗེ་འདི་དགུང་ལོ་བཅུ་དྲུག་ཏུ་སོན་པ་ཀུན་ལྡན་གྱི་ལོར། དཔལ་ཨེ་ཝྃ་ཆོས་ལྡན་གྱི་གདན་ས་པ་ཆེན་པོ་མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་མངའ་བདག་མཁན་ཆེན་སངས་རྒྱས་གྲགས་པ་ཅུང་ཟད་སྐུ་ཁམས་མ་བདེ་བའི་ཚུལ་བཞེས་པར་བརྟེན། ལོ་དེར་ཕྱོགས་མཐའ་དག་ནས་འདུས་པའི་དོན་གཉེར་རྣམས་ལ་གསུང་ངག་རིན་པོ་ཆེའི་ཆོས་འཁོར་བསྐོར་བའི་ཆེད་དུ། ཤར་ཆེན་ཆོས་ཀྱི་རྒྱལ་པོ་ཀླུ་ལྡིངས་མཁན་ཆེན་རིན་ཆེན་མི་འགྱུར་རྒྱལ་མཚན་གྱི་སྐུའི་དབོན་པོ། ལུང་དང་རྟོགས་པའི་ཡོན་ཏན་དུ་མ་ལ་དབང་བསྒྱུར་ཞིང༌། ཆོས་སྲུང་དང་ནོར་ལྷ་མང་པོ་བྲན་དུ་འཁོལ་བར་གྲགས་པའི་ཀླུ་ལྡིངས་ཞབས་དྲུང་རིན་པོ་ཆེ་ཀུན་དགའ་ཡེ་ཤེས་དབང་ཕྱུག་པ་ཉིད་མི་འཇིགས་གདོང་ལྔས་བཏེག་པའི་ཁྲི་འཕང་མཐོན་པོར་མཁན་ཚབ་ཏུ་མངའ་གསོལ་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བ་རྣམས་རྗེ་འདིས་གསན་པ་ཡིན་ཏེ། དེའང་ཐོག་མར་ཕ་དམ་པ་ནས་བརྒྱུད་པའི་འཇམ་དཔལ་སྨྲ་བའི་སེང་གེའི་རྗེས་གནང་སྩལ་ནས། དེའི་རྗེས་སུ་གྲུབ་ཆེན་བི་རཱུ་པའི་ཐུགས་བཅུད་དཔལ་ལྡན་ས་སྐྱའི་བླ་ཆེན་རྣམས་ལས་རིམ་པར་བརྒྱུད་པའི་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཆོས་སྐོར་དངོས་ལ། ཐོག་མར་བླ་མ་ཚད་མར་བྱ་བའི་ཕྱིར་སྣང་གསུམ་གྱི་སྐབས་ཀྱི་སྔ་ཆོས་སུ། བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་ཆོས་སྤྱོད་དུམ་བུ་དང་པོ་དང༌། གཉིས་པ་དང༌། གསུམ་པ་བཅས་ཨེ་ཝྃ་པའི་སྤར་མ་ལྟར་དང༌། ཆོས་སྤྱོད་དུམ་བུ་དང་པོའི་ཁ་སྐོང་མཁན་ཆེན་ནམ་མཁའ་བསམ་འགྲུབ་ལ་གསོལ་བ་འདེབས་པ་ནས། ངག་དབང་ཆོས་སྐྱོང་བཟང་པོའི་གསོལ་