R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༦༨
[A:༦༨]འདེབས་ཀྱི་བར་དང༌། སངས་རྒྱས་ཕུན་ཚོགས་ཀྱིས་མཛད་པའི་ཨེ་ཝྃ་པའི་གདན་རབས་རྣམས་ཀྱི་རྣམ་པར་ཐར་པ་ནོར་བུའི་ཕྲེང་བ་བཅས་ཀྱི་ལུང༌། ཉམས་མྱོང་ཚད་མ་རྒྱུད་ལ་སྐྱེད་པར་བྱེད་པའི་ཐབས་སུ་ངག་དབང་བརྟན་པའི་རྡོ་རྗེས་མཛད་པའི་ཁྲིད་ཡིག་གི་སྟེང་ནས་ཕ་རོལ་ཏུ་ཕྱིན་པ་དང་ཐུན་མོང་བའི་ཉམས་ལེན་སྔོན་འགྲོ་སྣང་བ་གསུམ་གྱི་ཁྲིད་དང༌། བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད། དེ་ནས་དབང་གི་མངོན་པར་རྟོགས་པ་བརྒྱད་དང་ལྡན་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དཀོན་མཆོག་ལྷུན་གྲུབ་པའི་ཡིག་ཆ་རྣམས་ཀྱི་སྟེང་ནས་དབང་བསྐུར་བ་དང༌། ལམ་གྱི་དངོས་གཞི་རྒྱུད་གསུམ་གྱི་སྒོ་ནས་བཀྲི་བ་ལ། ཐོག་མར་ལྟ་བས་སྤྲོས་པ་གཅད་པའི་སླད་དུ་ལྟ་བ་འཁོར་འདས་དབྱེར་མེད་ཀྱི་ཁྲིད། བར་དུ་ལམ་གྱི་ཉམས་བསྐྱེད་པའི་སླད་དུ་དབང་བཞི་དང་རྗེས་སུ་འབྲེལ་བའི་ལམ་བཞི་ལས། དང་པོ་བུམ་དབང་ལ། སྤང་བྱ་ཐ་མལ་གྱི་རྣམ་རྟོག་འཇོམས་པར་བྱེད་པ་ཕྱི་བསྐྱེད་པའི་རིམ་པའི་ཁྲིད། དེ་སྐབས་ཀྱི་སྔ་ཆོས་སུ་ལུང་དང་བསྟན་བཅོས་ཚད་མར་བྱ་བའི་ཆེད་དུ་རྗེ་བཙུན་གྱིས་བསྒྲིགས་པའི་ལམ་འབྲས་པོད་སེར་གྱི་ལུང༌། དེ་ནས་ཕྱི་རོལ་ཏུ་ཞེན་པའི་གདོན་གྱི་གཉེན་པོར་སློབ་དཔོན་གྱི་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་བྱམས་པ་ཀུན་དགའ་བཀྲ་ཤིས་ཀྱི་ཡིག་ཆ་ལྟར་སྩལ། སྐབས་དེར་བར་ཆད་ཀྱི་རྣམ་པས། ཤར་ཆེན་ཀུན་དགའ་ཡེ་ཤེས་དབང་ཕྱུག་པ་ཉིད་བསྙུན་ཚུལ་དྲག་པོ་ཞིག་བཞེས་པར་བརྟེན། མཁས་དང་གྲུབ་པ་ཡོངས་ཀྱི་གཙུག་རྒྱན་གཅིག་པུར་གྱུར་པ་རིན་ཆེན་མི་འགྱུར་རྒྱལ་མཚན་པ་ཉིད་ཨེ་ཝྃ་བླ་བྲང་དུ་ཕེབས་ཏེ། གོང་དུ་ཞབས་དྲུང་རིན་པོ་ཆེས་སྩལ་གྲུབ་པའི་ཁྲིད་རྣམས་དམིགས་རྐང་བཞིའི་ཁོངས་སུ་བསྡུས་ནས། དེ་འཕྲོས་སྤང་བྱ་གྱ་ནོམ་ལྷར་ཞེན་གྱི་གཉེན་པོར་ཡང་གྱུར་པའི་ནང་བསྐྱེད་པའི་རིམ་པ་དང༌། ལྟ་བ་ངོ་