R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༦༩
[A:༦༩]བོ་ཉིད་གསུམ་ལ་སོགས་པ་བུམ་དབང་དང་དབང་གོང་མ་གསུམ་དང་རྗེས་སུ་འབྲེལ་བའི་ཁྲིད་རྣམས་དང༌། མཐར་འབྲས་བུ་སྐུ་ལྔ་མངོན་དུ་འགྱུར་ཚུལ་ལ་སོགས་པའི་ཉམས་ཁྲིད་ཟབ་མོ་ཡོངས་སུ་རྫོགས་པ་དང༌། ཐར་པཎ་གྱི་ཡིག་སྟེང་ནས་ལམ་ཟབ་ཕྱི་མའི་ཁྲིད་དང་བྱིན་རླབས་བཅས་གསན་ཞིང༌། གཞན་ཡང་ཆོས་ཀྱི་རྗེ་དེའི་དྲུང་ནས་གུར་ལྷ་བརྒྱད་ཐུན་མོང་བའི་རྗེས་གནང་དང༌། ལྗགས་ལུང་ལ་སོགས་པ་ཕྲན་ཚེགས་འགའ་ཞིག་ཀྱང་གསན་པ་ཡིན་ནོ། །ཡང་ཉམས་དང་རྟོགས་པའི་དབང་ཕྱུག་ཕན་ཁང་ཞབས་དྲུང་རིན་པོ་ཆེ་དཔལ་ལྡན་རིན་ཆེན་ཆོས་མཛོད་ཀྱི་དྲུང་ནས། དཀོན་ལྷུན་གྱི་སྒྲུབ་དཀྱིལ་སོགས་ཀྱི་སྟེང་ནས་འཇིགས་བྱེད་རོ་ལངས་བརྒྱད་བསྐོར་གྱི་དབང༌། དཀོན་ལྷུན་གྱི་ཡིག་ཆའི་སྟེང་ནས་ལས་གཤིན་ལྷ་བཅུ་གསུམ་མའི་རྗེས་གནང༌། ཐར་པཎ་གྱི་ཡིག་ཆའི་སྟེང་ནས་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས། ཞུ་ཆེན་གྱི་ཡིག་ཆའི་སྟེང་ནས་མགོན་དཀར་རྗེས་གནང་ལུང་བཅས། སངས་ཕུན་པས་མཛད་པའི་མགོན་དཀར་སྦྱིན་སྲེག །དཀོན་ལྷུན་གྱིས་མཛད་པའི་ཀུན་རིག་གི་སྦྱིན་སྲེག་རོ་སྲེག་སཱཙྪ་རབ་གནས་དང་བཅས་པ། རྡོ་རྗེ་རིན་ཆེན་གྱིས་མཛད་པའི་ཀུན་རིག་རྣམ་བཤད་དཔག་བསམ་ལྗོན་པ་རྣམས་ཀྱི་ལུང་བཅས་དང༌། ཟབ་དོན་གདམས་པའི་གཏེར་མཛོད་དབོན་སྟོད་ཆོས་རྗེ་བསྟན་པ་བློ་གྲོས་ཀྱི་དྲུང་ནས། ཐར་རྩེ་པཎ་ཆེན་ནམ་མཁའ་དཔལ་བཟང་གི་བཀའ་འབུམ་པོད་གསུམ་གྱི་ནང་ནས། གསང་འདུས་མི་བསྐྱོད་པའི་དབང་གི་མཚམས་སྦྱོར་དང༌། གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་ཀྱི་དབང་ཆོག་གཉིས་མ་གཏོགས་ཡོངས་རྫོགས་ཀྱི་ལུང་དང༌། དཀོན་ལྷུན་གྱིས་མཛད་པའི་བསྔོ་བ། དེ་ལ་དགོས་པའི་ཚིགས་བཅད་སངས་ཕུན་པས་བསྒྲིགས་པ། ཤར་ཁང་པས་མཛད་པའི་བར་དོ་ངོ་སྤྲོད། དཀོན་མཆོག་དཔལ་