[A:༧༥]བྱེད་ཀྱི་རྗེས་གནང་དང༌། ངག་ཆོས་པའི་ཡིག་ཆའི་སྟེང་ནས་མགོན་དཀར་ཡིད་བཞིན་ནོར་བུའི་རྗེས་གནང་རྣམས་གསན་ནས་ངོར་དུ་བྱོན། རྩིས་གཞུང་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་རྟེན་བཟང་བླ་མ་དབང་དྲག་ལས། སྐར་རྩིས་དང༌། ནག་རྩིས་དང༌། དབྱངས་འཆར་ལ་སོགས་པ་བསླབ་སྦྱང་མཐར་ཕྱིན་པར་མཛད་ཅིང་ཐུགས་སུ་ཆུད་པར་མཛད། ཡང་ལྔ་རིག་སྨྲ་བ་རྒྱལ་རྩེ་མཁས་མཆོག་པ་ལས། སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པའི་སྒྲའི་བསྟན་བཅོས་ཙནྡྲ་བྱཱ་ཀ་ར་ཎ་དང༌། དེའི་འགྲེལ་པ་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་སྟེང་ནས། རི་མོའི་ལག་ལེན་ལ་སོགས་པ་གཟིགས་རྟོག་མཐིལ་ཕྱིན་པར་མཛད་དོ། །དེ་སྐབས་སུ་ངོར་གྱི་གདན་ས་པ་ཆེན་པོ་ཁང་དམར་འོག་མཁན་ཆེན་ཀུན་དགའ་བསོད་ནམས་དགོངས་པ་ཞི་དབྱིངས་སུ་གཏད་པར་གྱུར་ཀྱང་ཀླུ་ལྡིངས་ནས་བླ་བྲང་གི་རྩིས་སྤྲོད་སྐོར་རྣམས་ཕྲན་བུའི་འགྲིགས་མིན་ལྟ་བུའི་ཁང་གསར་ཞབས་དྲུང་རིན་པོ་ཆེ་བསོད་ནམས་བསྟན་འཛིན་པར་མཁན་ཚབ་མཛད་དགོས་པའི་གསོལ་བ་བཏབ་པར། ལོ་གཅིག་མཁན་ཚབ་མཛད་རྒྱུ་ཞལ་གྱིས་བཞེས་ནས་མེ་མོ་ལུག་གི་ལོར་དཔལ་ཨེ་ཝྃ་ཆོས་ལྡན་གྱི་གནྡྷོ་ལ་ཆེན་པོར་ཕེབས་ཏེ། ལོ་དེར་ཕྱོགས་མཐའ་ནས་འདུས་པའི་དོན་གཉེར་རྣམས་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་དབང་ཁྲིད་ཡོངས་སུ་རྫོགས་པ་དང༌། བསྟན་པའི་གཞི་མ་སོ་སོར་ཐར་པའི་སྡོམ་པ་དང་བཅས་པ་སྩལ་ཏེ། གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་དོ། །དེ་ནས་ཀྱང་ཀླུ་ལྡིངས་པས་རྩིས་སྤྲོད་རྣམས་ཅུང་ཟད་འགྲིགས་མིན་གྱིས་རྗེ་འདི་ལ་མཁན་ཚབ་མཛད་དགོས་པའི་ཞུ་བ་ནན་ཆགས་སུ་ཕུལ་བར་བརྟེན། མི་མཛད་ཐབས་མེད་ལྟ་བུའི་དགུང་ལོ་ཉེར་