R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༧༤
[A:༧༤]བསོད་ནམས་བཟང་པོ་དང༌། གསང་སྟེ་སྟོན་པའི་སློབ་དཔོན་འདུལ་བ་འཛིན་པ་དབང་ཕྱུག་རྒྱལ་མཚན་དང༌། དུས་གོ་བ་སློབ་དཔོན་བྱམས་པ་བསོད་ནམས་ཆོས་རྒྱལ་དང༌། གྲོགས་ལྡན་པ་བྱམས་པ་སངས་རྒྱས་རིན་ཆེན། ཁ་སྐོང་དགེ་སློང་དཔལ་ལྡན་བཟང་པོ་ལ་སོགས་པ་དད་པའི་དགེ་འདུན་བཅུ་ཙམ་གྱི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་རྣམ་པར་དག་པ་བཞེས་པར་མཛད་དོ། །དུས་དེ་ཉིད་ནས་བརྩམས་ཏེ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་དགེ་སློང་རྣམས་དང་ཁྱད་པར་མེད་པར་དབང་པོ་དུལ་ཞིང་ཞི་ལ་བག་ཡོད་པའི་སྤྱོད་ལམ་དང་ལྡན་པའི་སྒོ་ནས་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་སྲོག་བས་ཀྱང་གཅེས་པར་བཟུང་ཞིང༌། དགག་སྒྲུབ་གནང་གསུམ་གྱི་བསླབ་བྱ་ཕྲ་ཞིང་ཕྲ་བ་རྣམས་ཀྱང་མ་ཉམས་པར་མཛད་པས། བོད་གངས་ཅན་གྱི་སྡོམ་བརྩོན་སྡེ་སྣོད་འཛིན་པ་རྣམས་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་པ་ཡིན་ནོ། །གཞན་ཡང་མཁན་པོ་ཆོས་ཀྱི་རྗེ་དེའི་དྲུང་ནས། འཇམ་མགོན་ཨ་མེས་ཞབས་ཀྱིས་མཛད་པའི་དཔལ་ས་སྐྱའི་གདུང་རབས་ཆེན་མོའི་ལུང་ལ་སོགས་པ་ཕྲན་ཚེགས་འགའ་ཞིག་དང༌། ས་སྐྱའི་ཟུར་འཆད་པ་ལུང་རིག་སྨྲ་བ་ཀུན་དགའ་རབ་རྒྱས་པའི་དྲུང་ནས། དཔལ་དགྱེས་པ་རྡོ་རྗེའི་རྒྱུ་ལམ་གྱི་དབང༌། བིར་སྲུང་ཐུན་མོང་བའི་བྱིན་རླབས། ཞལ་བསྙེན་དུས་ཐུན་མོང་མ་ཡིན་པའི་རྗེས་གནང༌། ཞལ་གྱི་སྐོང་བ་ཀུན་བློས་མཛད་པའི་ལུང་བཅས་དང༌། རྗེ་བླ་མ་མུས་ཆེན་ཆོས་ཉིད་ཡེ་ཤེས་པ་ལས། དཀོན་ལྷུན་གྱི་ཡིག་ཆའི་སྟེང་ནས་རྣམ་འཇོམས་ཀྱི་རྗེས་གནང་བཀྲུ་བྱབས་སྲུང་གསུམ་དང་བཅས་པ། ལྷ་མོ་ཤྲ་མ་ཎའི་སྒོ་ནས་རྨི་ལམ་བརྟག་སྒྲུབ་ཀུན་བློས་མཛད་པའི་ལུང་བཅས་དང༌། ཆོས་ཀྱི་རྗེ་བླ་མ་བྱམས་པ་བསྟན་འཛིན་པ་ལས། དཀོན་ལྷུན་གྱི་ཡིག་ཆའི་སྟེང་ནས་ཁྲོ་རྒྱལ་འབྱུང་པོ་འདུལ་