R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A):
[A:༧]ནམ་མཁའི་མཛོད་ལྟ་བུ། །མཐའ་དག་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་ཀྱང༌། །བརྗོད་པའི་སྤོབས་པ་གཟེངས་སུ་མི་མཐོ་ན། ༨ །བདག་འདྲ་སོ་སྐྱེའི་བློ་ཡི་རྭ་བ་ན། །ཆ་ཤས་ཙམ་ཡང་ཆུད་པར་མི་སྲིད་དེ། །རྒྱ་ཆེན་འཆི་བ་མེད་པའི་ལམ་འདི་ཀོ །བློ་ཆུང་འདོམ་གྱིས་འཇལ་བར་འདོད་དང་མཚུངས། ༩ །འོན་ཀྱང་དབང་བསྐུར་མཆོག་ཐོབ་སློབ་དཔོན་གྱི། །རྣམ་ཐར་ཕྱོགས་རེ་ཙམ་ཞིག་བརྗོད་པས་ཀྱང༌། །ཡང་སྲིད་ཀུན་ཏུ་བསགས་པའི་སྡིག་ལྟུང་རྣམས། །མིང་གི་ལྷག་མར་འགྱུར་ཞེས་ལུང་ལས་འབྱུང༌། ༡༠ །དེ་ཕྱིར་བསོད་ནམས་ཚོགས་དང་ཡེ་ཤེས་ཀྱི། །བདུད་རྩིའི་ཆུ་གཏེར་ཡོངས་སུ་འཕེལ་བ་དང༌། །ལྷན་ཅིག་རང་གཞན་དད་པའི་ལྗོན་ཤིང་ཉིད། །གོང་ནས་གོང་དུ་རྒྱས་པར་བྱ་བའི་སླད། ༡༡ །འདི་ན་ཐུན་མོང་དག་ཏུ་རབ་གྲགས་པའི། །རྟོག༷ས་བརྗོད་ཅུང་ཟད་ཙམ་ཞིག་གླེང་བ་ཡི། །ངོ་མཚ༷ར་མེ་ཏོག༷་གཡོ་བ༷འི་འཁྲི་ཤིང་ཆེ། །བྱིན་རླབས་འདོད་དགུའི་དགའ་སྟོན་འབྱུང་ཕྱིར་སྤེལ། ༡༢ །དཀར་པོའི་ཕྱོགས་ཀྱི་ཟླ་འོད་གཞོན་ནུ་ལ། །རྗེས་སུ་དགའ་བའི་ཀུ་མུད་ཁ་བྱེ་བ། །ལྷ་ཀླུ་མིའམ་ཅི་དང་མི་སོགས་ཀྱི། །ཐོས་འཛིན་དོན་ལྡན་བསྒྱུར་ཕྱིར་འབད་པས་ཉོན། ༡༣ །དེ་ལ་འདིར་ཤིན་ཏུ་བརྣག་པར་དཀའ་བའི་སྡུག་བསྔལ་དང༌། ཀུན་འབྱུང་གི་ཆུ་སྲིན་གྱིས་དངོས་དང་བརྒྱུད་པའི་སྒོ་ནས་གཙེས་ཤིང་ཉམས་ཉེས་པར་གྱུར་པའི་འཁོར་བའི་རྒྱ་མཚོ་ཆེན་པོ་ལས་རྣམ་པར་བརྒལ་ཏེ། མི་གནས་པའི་མྱ་ངན་ལས་འདས་པ་ཐམས་ཅད་མཁྱེན་པའི་ནོར་བུའི་གྲོང་ཁྱེར་དུ་འཇུག་པར་འདོད་པའི་སྐྱེས་བུ་བློ་གྲོས་དང་ལྡན་པ་རྣམས་ཀྱིས་དོན་དུ་གཉེར་བྱའི་གཙོ་བོ་ནི། ཐོག་མ་ཉིད་དུ་དྲི་མ་མེད་པའི་གསུང་རབ་རྣམས་ལས་ཇི་ལྟར་འབྱུང་བ་བཞིན་གྱི་མཚན་ཉིད་དང་ལྡན་པའི་དཔལ་ལྡན་བླ་མ་དམ་པ་ལེགས་པར་བཙལ་ཏེ་མཉེས་པ་གསུམ་གྱི་སྒོ་ནས་